ཀོས་ནན་རྫོང་གིས་རྒན་གསོའི་བྱ་བ་ལེགས་པར་བསྒྲུབས།
ད་ལོའི་ཚུན་ལ་ཀོས་ནན་རྫོང་མང་ཆུ་གྲོང་བརྡལ་ཤ་རྭ་སྡེ་བའི་ཏང་འཛུགས་སྣེ་ཁྲིད་ལ་བརྟེན་ནས། རྒན་པའི་རོགས་རེས་བདེ་སྐྱིད་གླིང་འཛུགས་སྐྲུན་བྱས་ཏེ། སྡེ་བའི་ནང་གི་གཞིས་སྲུང་རྒན་པའི་བཟའ་བཏུང་ལ་རོལ་དཀའ་བ་དང་རྒན་གསོའི་སྐོར་གྱི་དཀའ་གནད་སེལ་བར་བྱས་ཏེ། རྒན་པ་རྣམས་ཀྱིས་རང་ཁྱིམ་སྒོ་ཁར་ཟ་མ་ཟ་ཐུབ་པ་དང་ཕན་ཚུན་ངོ་ཤེས་སུ་གྱུར་ནས། ཕན་ཚུན་རོགས་རེས་ཁྲོད་བདེ་སྐྱིད་ལྡན་པའི་ཚེ་མཇུག་གི་འཚོ་བ་ཞིག་རོལ་ཐུབ་པར་འགན་སྲུང་བྱས།
དབྱར་མགོ་མའི་ཤ་རྭ་སྡེ་བའི་ལམ་གཙང་ཞིང་གྲལ་དག་པ་དང་། མེ་ཏོག་སྣ་བརྒྱ་ལྷུག་པོར་བཞད་ནས། གནས་སྡོད་དང་ཁམས་གསེང་ལ་འཚམ་པའི་གྲོང་གསེབ་ཀྱི་རྣམ་པ་ཞིག་མིག་ལམ་དུ་མངོན་ཡོང་། སྡེ་བའི་ནང་གི་རྒན་པའི་རོགས་རེས་བདེ་སྐྱིད་གླིང་དུ་བསྐྱོད་སྐབས་གང་སར་སྤྲོ་སྐྱིད་དང་འཆམ་མཐུན་གྱི་རྣམ་པས་ཁེངས་འདུག རྒན་པ་རྣམས་ཀྱིས་སྐོར་དང་སྐོར་བྱས་ནས་ལབ་གླེང་བྱེད་པ་དང་། ཡང་ན་ལུས་ཕུང་སྦྱོང་བརྡར་བྱས་ནས་བློ་བདེ་བག་ཕེབས་ཀྱིས་གཏན་འཇགས་དང་བདེ་སྐྱིད་ཀྱི་ཚེ་མཇུག་གི་འཚོ་བ་ཞིག་རོལ་བཞིན་ཡོད།
ཉིན་གུང་ལ་ཉེ་དུས་བདེ་སྐྱིད་གླིང་གི་ཟ་ཁང་གི་ཟ་མའི་དྲི་ཞིམ་འཐུལ་ཡོང་ལ། ལས་བྱེད་མི་སྣ་དང་དང་བླངས་པས་བྲེལ་ཟིང་གི་ཁྲོད་ནས་གུང་ཟས་ལ་གྲ་སྒྲིག་བྱེད་བཞིན་འདུག
ཀོས་ནན་རྫོང་མང་ཆུ་གྲོང་བརྡལ་ཤ་རྭ་སྡེ་བའི་སྡེ་མི་ཡུས་ཡུང་ཆིང་གིས་བཤད་རྒྱུར། ད་སྐབས་སྲིད་ཇུས་ཧ་ཅང་བཟང་གི གཟའ་འཁོར་རེའི་གཟའ་ཟླ་པ་དང་ལྷག་པ། པ་སངས་བཅས་ཀྱི་ཉིན་རྒན་པ་རྣམས་ཀྱིས་མཉམ་གཅིག་ཏུ་ཟ་མ་ཟ་བ་དང་ཁ་བརྡ་བྱེད་པ། རྩེད་མོར་རོལ་བ་སོགས་བྱས་ནས་ཚང་མར་སྤྲོ་སེམས་ཆེན་པོ་ལྡན་ཟེར།
ཤ་རྭ་སྡེ་བའི་བདེ་སྐྱིད་གླིང་དུ་སྤྲོ་སྐྱིད་ནི་ཉིན་གཅིག་གི་ཐུན་གསུམ་གྱི་བཟའ་བཏུང་ལ་ཁག་ཐེག་བྱེད་པ་ཙམ་མ་ཡིན་པར། ཐུན་མོང་གི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པའི་ཆེད་དུ་ཡིན། རྒན་པ་ཚོས་རང་འགུལ་ངང་ཕན་ཚུན་ལ་རོགས་རེས་བྱེད་པའི་ཚོགས་ཆུང་བཙུགས་ནས་མཉམ་ཞུགས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། ཟ་མ་ཟས་ཚར་རྗེས་རྒན་པ་ཚོས་རང་འགུལ་ངང་གསོལ་ལྕོག་ཕྱིས་པ་དང་གཙང་ཕྱགས་བྱེད་པ། ཐབ་ཆས་ལ་གཙང་སྦྲ་བྱེད་པ་བཅས་བྱས་ཏེ། ངལ་རྩོལ་ཁྲོད་མཛའ་བརྩེ་ཇེ་ཟབ་ཏུ་བཏང་སྟེ། བདེ་སྐྱིད་གླིང་དུས་ནམ་ཡང་གཙང་ཞིང་གྲལ་དག་པ་དང་དྲོ་སྐྱིད་ལྡན་པ་ཞིག་ཡོང་བར་བྱས་ཡོད།
ཀོས་ནན་རྫོང་མང་ཆུ་གྲོང་བརྡལ་ཤ་རྭ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཨན་ཡུང་ཅུན་གྱིས་བཤད་རྒྱུར། ཅན་བཅུའི་ཏང་འཛུགས་ལ་བརྟེན་ནས་ཕན་ཚུན་རོགས་རེས་ཀྱི་ཁོངས་མི་རྣམས་བདེ་སྐྱིད་གླིང་དུ་སོང་ནས་སླ་ང་དང་དཀར་ཡོལ་སོགས་བཀྲུས་ནས་ཚང་མར་ཞབས་ཞུ་བསྒྲུབས་ཏེ་གཞིས་སྲུང་རྒན་པ་རྣམས་ཀྱི་བཟའ་བཏུང་ལ་ཁག་ཐེག་བྱས་པ་ཡིན་ཟེར།
ཀོས་ནན་རྫོང་མང་ཆུ་གྲོང་བརྡལ་ཤ་རྭ་སྡེ་བས་ཞབས་ཞུ་ལེགས་པོར་བརྟེན་ནས་རྒན་གསོའི་འགན་སྲུང་ཇེ་བརྟན་དུ་བཏང་བ་དང་། ཕན་ཚུན་རོགས་རེས་ལ་བརྟེན་ནས་གྲོང་གསེབ་ཀྱི་བརྩེ་སེམས་གཅིག་ཏུ་བསྒྲིལ། དེང་སྐབས་རྒན་པའི་རོགས་རེས་བདེ་སྐྱིད་གླིང་དེ་གཞིས་སྲུང་རྒན་པའི་གཞས་ཁྱིམ་དྲོན་མོ་རུ་གྱུར་ནས། གྲོང་གསེབ་ཀྱི་རྒན་གསོར་དེ་བས་དྲོད་ཁོལ་ལྡན་པ་དང་ཚེ་མཇུག་གི་འཚོ་བར་དེ་བས་སྤུས་ཚད་ཡོད་པར་བྱས།