ཅང་སུའུ་དང་མཚོ་སྔོན་གཉིས་ཀྱིས་ལག་གདང་སྦྲེལ་ནས་མཐོ་སྒང་མི་དམངས་ལ་བདེ་ཐང་བསྩལ།
ཉེ་ཆར།མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གིས་ཅང་སུའུ་ཡི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལམ་སྲོལ་ལ་བརྟེན་ནས་རུས་ཚིགས་ནད་ཕོག་ཡོད་པའི་ནད་པ8ལ་པུས་ཚིགས་བརྗེ་བའི་གཤགས་བཅོས་ལེགས་འགྲུབ་བྱུང་ཞིང་། ཐེངས་འདིའི་གཤགས་བཅོས་ནི་སྐལ་བཟང་མེ་ཏོག་ཅེས་པའི་ཅང་སུའུ་ཡི་སྨན་བཅོས་རོགས་སྐྱོར་བྱ་འགུལ་དོན་འཁྱོལ་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། བྱ་འགུལ་དེས་མཐོ་སྒང་མང་ཚོགས་ཀྱིས་སྨན་པ་བསྟེན་པར་ས་ཐག་རིང་བ་དང་སྨན་པར་བསྟེན་དཀའ་བ། སྨན་རིན་མཐོ་བ་བཅས་ཀྱི་དངོས་ཡོད་དཀའ་ངལ་སེལ་ནས། ས་གནས་མང་ཚོགས་ཀྱིས་སྨན་པར་བསྟེན་པའི་ཐོབ་ཚོར་ཆེ་རུ་བཏང་།
ཟླ5པའི་ཚེས28ཉིན་གསར་འགོད་པ་མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་ནད་ཁང་དུ་སླེབས་དུས་སྨན་པས་ནད་ཁང་ལ་ཞིབ་བཤེར་བྱེད་བཞིན་པ་མཐོང་ཞིང་། ཁྲི་ཀ་རྫོང་རྨ་སྲིབ་གྲོང་བརྡལ་གྱི་ཞི་ཅ་ཙུའེ་སྡེ་བའི་ལོ62ལ་སླེབས་པའི་སྡེ་མི་ཀྲའོ་ཧྥ་ཆིན་ནི་ཕན་པ་ཐོབ་པའི་ནད་པ་ཞིག་ཡིན་ལ། ས་བབ་མཐོ་བ་དང་གྲང་ངར་ཆེ་བའི་གནམ་གཤིས། དེ་མིན་ཡུན་རིང་བོར་ས་མཐོའི་ངལ་རྩོལ་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་རུས་ཚིགས་ནད་ནི་མཚོ་ལྷོ་ཁུལ་གྱི་དར་མ་དང་རྒན་པར་འབྱུང་ཚད་མཐོ་བའི་གཅོང་ནད་ཅིག་རེད། རོང་འབྲོག་མང་ཚོགས་མང་པོ་ཞིག་ལ་ནད་གཞི་ཕོག་ནས་ལོ་མང་འགོར་ཀྱང་དཔལ་འབྱོར་གྱི་དཀའ་ངལ་ཡོད་པ་དང་ས་གཞན་དུ་སྨན་བཅོས་བྱེད་པར་སྐྱོད་པའི་ལམ་ཐག་རིང་ཞིང་། སྲུང་རོགས་མེད་པ་སོགས་ཀྱི་དངོས་ཡོད་དཀའ་ངལ་ལ་འཕྲད་དེ། ལོ་མང་པོར་ན་ཟུག་བཟོད་བསྲན་དང་ཨུ་ཚུགས་ཀྱིས་བསྡད་ནས་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད།
ནད་པ་ཀྲའོ་ཧྥ་ཆིན་གྱིས་བཤད་རྒྱུར། རྐང་པ་ན་ནས་ལོ་ལྔ་དྲུག་ཙམ་འགོར་སོང་། ལམ་དུ་འགྲོ་དུས་རྐང་པ་འཁྱར་འཁྱོར་གྱིས་འགྲོ་དགོས་ཤིང་། ཞིང་ལས་དང་ཁྱིམ་ལས་ཡོད་ཚད་གཅིག་ཀྱང་ལས་མི་ཐུབ་ལ། ས་ཆ་གཞན་པའི་སྨན་ཁང་ཆེན་པོར་འགྲོ་འདོད་མོད། འགྲོ་སོང་ཆེ་བ་དང་འགྲོ་རོགས་མེད་པས་ད་ལྟའི་བར་དུ་བཟོད་བསྲན་བྱས་ནས་བསྡད་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་ཐེངས་འདིར་རང་ཁྱིམ་སྒོ་ཁར་གཤགས་བཅོས་བྱེད་ཐུབ་སོང་བས་ངའི་ལོ་མང་རིང་གི་སེམས་ཁྲལ་དང་དཀའ་ངལ་ཐག་བཅད་པ་ཡིན་ཟེར།
གཤགས་བཅོས་ཁག་དང་པོ་དོན་ཐོག་ཏུ་འཁྱོལ་བ་ནི་ཅང་སུའུ་དང་མཚོ་སྔོན་གཉིས་ཀྱི་སྨན་བཅོས་རོགས་ལས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་ལ། ཁ་གཏད་རོགས་སྐྱོར་གྱི་གོ་སྐབས་ལ་བརྟེན་ནས་མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གི་ནད་བརྟག་སྨན་བཅོས་ཀྱི་ཆུ་ཚད་དང་སྒྲིག་ཆས་དུས་མཉམ་དུ་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱིས་ནད་བརྟག་སྨན་བཅོས་བྱེད་པར་ཁུལ་རིམ་པ་བརྒལ་མི་དགོས་པ་མངོན་འགྱུར་བྱུང་།
མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་ཀྲུའུ་རེན་འཕགས་མོ་ཚེ་རིང་གིས་བཤད་རྒྱུར། སྐལ་བཟང་མེ་ཏོག་ཅེས་པའི་ཅང་སུའུ་ཡི་སྨན་བཅོས་རོགས་སྐྱོར་བྱ་འགུལ་གྱི་ལས་གཞི་དེ་རང་རེའི་སྨན་ཁང་དུ་ལག་བསྟར་བྱས་པ་དང་། ཁག་དང་པོའི་ནད་པ8ལ་ངེད་སྨན་ཁང་དུ་པུས་ཚིགས་དང་དཔྱི་ཚིགས་བརྗེ་བའི་གཤགས་བཅོས་ལེགས་འགྲུབ་བྱུང་ཞིང་། ད་ལྟ་ནད་པའི་གཤགས་བཅོས་རྗེས་ཀྱི་ནད་གཞི་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། རྗེས་མར་ང་ཚོས་རྒྱུན་པར་པུས་ཚིགས་དང་དཔྱི་ཚིགས་བརྗེ་བའི་གཤགས་བཅོས་བྱས་ཏེ། རོང་འབྲོག་མང་ཚོགས་ལ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཟེར།
དམངས་ཚིས་དོན་དངོས་དོན་ཐོག་ཏུ་འཁྱོལ་བར་བྱ་ཆེད། ལས་གཞི་མགོ་མ་བརྩམས་པའི་སྔོན་ལ། མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གིས་རྐང་འཛིན་སྨན་པ་དང་ནད་གཡོག་པར་རྩ་འཛུགས་སྒོས་ཁུལ་ཡོངས་ཀྱི་ཤང་གྲོང་སོ་སོར་བསྐྱོད་དེ། སྡེ་བར་སྐོར་བསྐྱོད་འོས་འགན་སྨན་བཅོས་དང་གྲལ་བཤེར་བསལ་འདེམས་བྱས་ནས། གཤགས་བཅོས་མཛུབ་སྟོན་དང་མཐུན་པའི་དཀའ་ངལ་ཅན་གྱི་མང་ཚོགས་ཐོ་འགོད་བྱས་པ་རེད། ཅང་སུའུ་ཡི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ཡིས་དམངས་ཚིས་བྱ་བར་གཞི་བཙུགས་ཏེ། འབྲོག་ཁུལ་གྱི་སྨན་བཅོས་དགོས་མཁོར་འབྲེལ་མཐུད་དང་དམངས་ཕན་སྨན་བཅོས་ཀྱི་ལྗང་མདོག་བགྲོད་ལམ་བཏོད་ནས། མཐོ་སྒང་མང་ཚོགས་ཀྱིས་རང་ཁྱིམ་སྒོ་ཁར་སྤུས་ལེགས་ཀྱི་སྨན་བཅོས་ལོངས་སྤྱོད་ཐུབ་པར་སྟབས་བདེ་གང་ལེགས་བསྐྲུན།
མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གི་མགོ་གཙོ་ཆའོ་ལི་ཡིས་བཤད་རྒྱུར། ང་ཚོའི་མཚོ་སྔོན་ཁ་གཏད་རོགས་སྐྱོར་ཚོགས་པ་དང་ང་ཚོ་ས་གནས་ཀྱི་རྐང་འཛིན་སྨན་པས་ཀྱང་རྟོག་ཞིབ་མང་པོ་བྱས་པ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མིག་སྔའི་ཐག་གཅོད་དཀའ་བའི་གནད་དོན་དང་ས་བབ་མཐོ་བའི་ས་ཁུལ་གྱི་རྒྱུན་མཐོང་ནད་གཞི་ཁ་ཤས་དང་ཟུང་འབྲེལ་བྱས་ནས་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད་པར་མ་ཟད། འབྲོག་ཁུལ་མང་ཚོགས་ཁ་ཤས་ཀྱི་སྡོད་གནས་ཀྱི་རྒྱུ་རྐྱེན་རེ་འགའ་་དང་། ད་དུང་དཔལ་འབྱོར་དང་སྨན་ཁང་ལ་འགྲོ་དཀའ་བ་སོགས་ཀྱི་ཐད་བསམ་གཞིགས་བཏང་སྟེ། མཚོ་ལྷོ་ཁུལ་ས་གནས་ཀྱི་རྒྱུན་མཐོང་ནད་དང་ཕོག་སླ་བའི་ནད་རིགས་གཞིར་བཟུང་ནས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ཡིས་སྐལ་བཟང་མེ་ཏོག་ཅེས་པའི་ཅང་སུའུ་ཡི་སྨན་བཅོས་རོགས་སྐྱོར་བྱ་འགུལ་དེར་རྒྱབ་སྐྱོར་བྱ་རྒྱུར་བརྩོན་ལེན་བྱས་ཏེ། སྨན་བཅོས་དང་མང་ཚོགས་དབར་གྱི་འབྲེལ་འདྲིས་ཇེ་ལེགས་སུ་བཏང་སྟེ། དམངས་ཚིས་སྨན་བཅོས་འགན་ལེན་གྱི་བྱ་བ་དེ་ཡག་པོར་བསྒྲུབ་རྒྱུ་ཡིན་ཟེར།
མཛའ་བརྩེ་མེ་ཏོག་རྐང་གཅིག་གིས་ས་མཐོའི་དམངས་ལ་བདེ་ཐང་བསྩལ། ལམ་ཐག་རིང་པོའི་སྨན་བཅོས་ནས་རང་ཁྱིམ་སྒོ་ཁའི་གཤགས་བཅོས་བར། འགྱུར་བཞིན་པ་ནི་སྨན་བཅོས་བྱེད་སྟངས་ཡིན་ལ། འགྱུར་མི་སྲིད་པ་ནི་ཅང་སུའུ་དང་མཚོ་སྔོན་གཉིས་ཀྱིས་དམངས་ལ་བཅངས་བའི་ཐོག་མའི་བསམ་འདུན་དེ་ཡིན། སྐལ་བཟང་མེ་ཏོག་ཅེས་པའི་ཅང་སུའུ་ཡི་སྨན་བཅོས་བྱ་འགུལ་མུ་མཐུད་དུ་སྤེལ་བ་དང་བསྟུན་ནས། སྤུས་ལེགས་སྨན་བཅོས་ཐོན་ཁུངས་མཐོ་སྒང་འབྲོག་ཁུལ་དུ་བསྐྱལ་ཏེ། མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་སྨན་བཅོས་ཐོབ་ཚོར་དང་སྐྱིད་ཚོར་ངེས་པ་དོན་གྱིས་མཐོར་འདེགས་སུ་བཏང་།