རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཞིང་ལས་ཞིང་སྡེའི་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བའི"ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"འཆར་འགོད》དཔར་འགྲེམ་བྱས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཞིང་ལས་ཞིང་སྡེའི་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བའི"ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"འཆར་འགོད》(གཤམ་དུ《འཆར་འགོད》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་ཤིང་། "ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"སྐབས་ཀྱི་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་བསམ་ཕྱོགས་དང་དམིགས་འབེན། ལས་འགན་གཙོ་བོ། སྲིད་ཇུས་དང་བྱེད་ཐབས་བཅས་གསལ་བོར་བཟོས་པ་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་བརྟེན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྔར་ལས་ལེགས་པར་སྐུལ་འདེད་བཏང་།
《འཆར་འགོད》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། "ཞིང་གསུམ"གྱི་གནད་དོན་ཐག་གཅོད་ལེགས་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་པ་རྒྱུན་འཁྱོངས། ཞིང་ལས་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས། མཁར་གྲོང་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས། ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གཏན་འཁེལ་བྱེད་ཅིང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བ་དེ་སྤྱིའི་བྱེད་ཐབས་སུ་བརྩིས་ནས། "བཟོ་སྐྲུན་ཁྲི་སྟོང"གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་དེ་ཁྲིད་སྟོན་དུ་བྱེད་པ་དང་། བཅོས་སྒྱུར་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་བྱས་ཏེ། ཞིང་ལས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་དང་། ཞིང་སྡེ་རུ་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པའི་ཐད་གྲུབ་འབྲས་ངེས་ཅན་ལེན་པར་སྐུལ་འདེད་གཏོང་དགོས།
《འཆར་འགོད》ནང2030ལོར་བསླེབ་སྐབས་འབྲུ་རིགས་ཀྱི་བདེ་འཇགས་རྨང་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཞིང་ལས་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་པོར་འགྱུར་བར་གྲུབ་འབྲས་གལ་ཆེན་ཐོབ་པ། ཞིང་པའི་ཡོང་འབབ་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕར་བ། སྡོད་ལ་འཚམ་པ་དང་ལས་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ། ཞིང་ལས་དང་གྲོང་གསེབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་ཐོབ་པ་བཅས་བྱེད་དགོས། དུས་མཚུངས་སུ2035ལོའི་དམིགས་འབེན་ལ་རྒྱང་ལྟ་བྱས་ཡོད།
《འཆར་འགོད》ནང་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཕན་འབྲས་ཆེ་རུ་གཏོང་བ་དང་། ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་པ། ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། བདེ་སྡོད་ལས་བརྩོན་འཆམ་མཛེས་བཅས་ཀྱི་ཞིང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་བདུན་གྱི་འཕེལ་རྒྱས་ལས་འགན་གསལ་བོར་བཏོན་ཡོད།
《འཆར་འགོད》ནང་ཚད་གཞི་མཐོ་བའི་ཞིང་ཁ་དང་། ཞིང་ལས་ཚན་རྩལ་གསར་གཏོད་ནུས་པའི་ཆ་རྐྱེན། མཛོད་ཉར་སོས་ཉར་གྲང་ཕྲེང་ཟོག་འགྲེམས་སྒྲིག་བཀོད་སོགས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བཀོད་སྒྲིག་བྱས་ཡོད་པ་དང་། ཟས་རིགས་ཆེན་པོ་གསར་སྤེལ་དང་། "མི་ཐབས་རིག་ནུས+"ཞིང་ལས། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་མཐོར་གཏོང་། གྲོང་གསེབ་ཀྱི་དེང་རབས་འཚོ་བའི་ཆ་རྐྱེན་ཞན་ཆ་གསབ་པ། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ། རེས་སྐོར་གསར་པའི་ཞིང་ལས་ཐོན་ཁུངས་བརྟག་དཔྱད་དང་ས་ཁོངས་དབྱེ་འབྱེད་བྱེད་པ། ཞིང་ལས་ཁྱབ་ཁོངས་ཀྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་སོགས་ཀྱི་ལས་གཞི་དང་འགུལ་སྐྱོད་གལ་ཆེན་བཏོན་ཡོད། དེ་མིན་སྲིད་ཇུས་གལ་ཆེན་གྱི་བྱ་ཐབས་བཏོན་པ་མ་ཟད། ལམ་སྲོལ་འཐུས་ཚང་དུ་བཏང་ནས་འཆར་འགོད་བདེ་བླག་ངང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །