གུང་ཧོ་རྫོང་ཧོ་ལི་སི་གོང་མ་སྡེ་བས་བདེ་སྐྱིད་ཀྱི་རྣམ་པ་གསར་པ་བསྐྲུན་པ།
རང་ཚགས་པར་གྱི་འཕྲིན། ད་ལོའི་ཚུན་ལ། གུང་ཧོ་རྫོང་ཐེ་གེ་ཤང་ཧོ་ལི་སི་གོང་མ་སྡེ་བས་ཅན་བཅུའི་ཏང་འཛུགས་བྱ་བའི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། ལམ་ལུགས་ཅན་དང་མང་ཚོགས་ཅན། ཕན་འབྲས་ཅན་བཅས་གཞི་རིམ་བཅོས་སྐྱོང་དང་། དམངས་ཚིས་ཞབས་ཞུ། ཐོན་ལས་འཕེལ་རྒྱས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་མཉམ་འདྲེས་བྱས་ནས། མང་ཚོགས་ཀྱི་འཚོ་བ་དང་འབྲེལ་འདྲིས་དམ་པའི་བྱེད་ཐབས་རེ་རེས་མང་ཚོགས་ཀྱི་དཀའ་ངལ། རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་བྱས་ཤིང་། གྲོང་གསེབ་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས། ཅན་བཅུའི་ཏང་འཛུགས་དེ་ས་གནས་སུ་ལག་ལེན་དོན་འཁྱོལ་བྱས།
སྔ་དྲོའི་ཆུ་ཚོད་དགུའི་སྟེང་། ཧོ་ལི་སི་གོང་མ་སྡེ་བར་བྲེལ་ཟིང་གི་རྣམ་པས་ཁེངས་ཤིང་། སྡེ་མི་ཚོས་ལས་བགོས་མཉམ་ལས་དང་སེམས་ཤུགས་གཅིག་སྒྲིལ་གྱིས་འབད་བརྩོན་བྱས་ཏེ། བྱེ་རྡོ་སྐྱེལ་འདྲེན་དང་ལམ་ངོས་སྙོམས་པ་དང་གཙང་སེལ་བྱེད་པ། ལམ་འགྲམ་གྱི་ཆུ་རྐ་ལས་པ་བཅས་སྡེ་བའི་བགྲོད་ལམ་ཉམས་གསོ་བྱེད་པའི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད།
གུང་ཧོ་རྫོང་ཐེ་གེ་ཤང་ཧོ་ལི་སི་སྡེ་བའི་སྡེ་མི་ཧྥུན་ཧྲང་ཧྥུའུ་ཡིས་བཤད་རྒྱུར། ད་ལོར་ང་ཚོའི་སྡེ་བར་རྒུད་གསབ་ལས་སྤྲོད་ཀྱི་ལས་གཞི་ཞིག་ཐོན་ཡོད་ལ། ང་ཚོར་ཨར་འདམ་གྱི་གཞུང་ལམ་ལས་ནས་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་ཡོད། རང་ཁྱིམ་གྱི་སྒོ་ཁ་ནས་ཡོང་འབབ་གསོག་ཐུབ་པར་མ་ཟད། དུས་མཚུངས་སུ་རང་ཁྱིམ་གྱི་ལས་ཀ་ཙག་ཙིག་ཀྱང་ལས་ཐུབ་པ་རེད་ཟེར།
རྒྱུས་ལོན་པ་ལྟར་ན། ལས་གཞི་དེའི་ཐད་སྤྱིའི་མ་དངུལ་སྒོར་ཁྲི230བཏང་ནས། སྤྱི་ལེ3གྱི་ཨར་ལམ་སྡེ་བར་ལས་པའི་འཆར་གཞི་ཡོད་པ་དང་། མིག་སྔར་སྡེ་བ་དེའི་ངལ་རྩོལ་པ60ལྷག་བསྡུ་ལེན་བྱས་ཟིན།
རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་དང་ཆབས་ཅིག་ཏུ། ཧོ་ལི་སི་གོང་མ་སྡེ་བས་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱ་བ་མུ་མཐུད་དུ་དམ་འཛིན་བྱས་ཤིང་། ཅན་བཅུའི་ཏང་འཛུགས་ཀྱི་རྒྱུན་རྣམ་ཅན་གྱི་བྱ་བའི་ལམ་ལུགས་ལ་བརྟེན་ནས། ཧོ་ལི་སི་གོང་མ་སྡེ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་པ་དང་མཛེས་པའི་ཁྱིམ་གཞིས་སྲུང་སྐྱོང་ཚོགས་པ་རང་འགུལ་ངང་ཟབ་ཞུགས་བྱས་ཏེ། ཁང་པའི་མདུན་དང་རྒྱབ་ཀྱི་གད་སྙིགས་གཙང་སེལ་བྱེད་པ་ནས་ཆུ་ལམ་ཤར་གཏོང་བྱེད་པའི་བར་ཏང་ཡོན་གྱིས་སྣེ་ཁྲིད་པ་དང་མང་ཚོགས་ཟབ་ཞུགས་བྱེད་པ་རྒྱུན་འཁྱོངས་བྱས་ནས།གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་མུ་མཐུད་དུ་ལེགས་བཅོས་བྱས།
གུང་ཧོ་རྫོང་ཐེ་གེ་ཤང་ཧོ་ལི་སི་གོང་མ་སྡེ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་པའི་ཚོགས་གཙོ་ཀྲང་ཧྥ་ཝུན་གྱིས་བཤད་རྒྱུར། ང་ཚོ་ཚོགས་པས་གཙོ་བོར་སྡེ་བ་དང་རྨ་ཆུའི་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བ་དམ་འཛིན་བྱས་པ་ཡིན། གཟའ་འཁོར་རེར་ཁོར་ཡུག་བཅོས་སྐྱོང་བྱ་འགུལ་ཐེངས་གཉིས་ལ་སྤེལ་ཞིང་། ཏང་ཡོན་གྱིས་སྣེ་ཁྲིད་དེ་མང་ཚོགས་ཟབ་ཞུགས་བྱས་ལ། ཅན་བཅུའི་ཏང་འཛུགས་བྱ་བ་སྤེལ་བ་ནས་བཟུང་། ཚང་མས་འབད་འབུངས་བྱས་མཐར་ད་ལྟ་སྡེ་བའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཟེར།
ཧོ་ལི་སི་གོང་མ་སྡེ་བས་ཅན་བཅུའི་ཏང་འཛུགས་བྱ་བར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་དུས་དང་རྣམ་པ་ཀུན་ཏུ་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་གཙོར་བཟུང་ནས། ཆེད་དོན་ལས་དོན་ཚོགས་པ་སོ་སོས་ལས་བགོས་གསལ་བོ་དང་མཐུན་སྦྱོར་གང་ལེགས་བྱས་ཏེ། སྡེ་མི་ཚོས་དོན་དག་ཡོད་ན་མཉམ་དུ་གྲོས་བྱེད་པ་དང་དཀའ་གནད་དང་འཕྲད་ན་མཉམ་དུ་ཐག་གཅོད་བྱེད་པ། ཅན་བཅུའི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག་སྡེ་བ་དེ་ཐོན་ལས་དར་སྤེལ་དང་སྐྱེ་ཁམས་གནས་སྡོད། ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། ཕྱུག་འགྱུར་འཚོ་བ་སོགས་གྲོང་གསེབ་དར་སྤེལ་གྱི་དམིགས་འབེན་ཕྱོགས་སུ་གོམ་སྟབས་བརྟན་པོའི་ངང་བསྐྱོད་བཞིན་ཡོད།།