སྲིད་དོན། 详情

ཞུང་ཡོན་ལའེ་དང་དོན་གྲུབ་གཉིས་ཀྱིས་ཁྲི་ཀ་རྫོང་དུ་བྱ་བར་རྟོག་ཞིབ་བྱས་པ།

རང་ཚགས་པར་གྱི་འཕྲིན། ཟླ6པའི་ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་གཉིས་ཀྱིས་ཁྲི་ཀ་རྫོང་དུ་རྟོག་ཞིབ་བྱས་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ཁག་དང་ཁུལ་ཨུའི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བྱེད་པ། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་ཀྱི་འཕེལ་རྒྱས་ངེས་གནས་ཞིབ་ཕྲར་བཟོ་བ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ནན་མོ་བཏང་སྟེ། རྫོང་ཁོངས་བཅོས་སྐྱོང་གི་ཕན་འབྲས་ལ་བརྟེན་ནས་སྤྱི་ཚོགས་དཔལ་འབྱོར་གྱི་སྤུས་མཐོའི་འཕེལ་རྒྱས་ལ་སྒུལ་ཤུགས་སྩོལ་དགོས་ཞེས་ནན་གྱིས་བསྟན།

ཁྲི་ཀ་རྫོང་གི་དྭངས་གཙང་རྨ་ཆུ་དང་རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན་གྱི་མཛེས་ལྗོངས་ཁུལ་དུ། ཞུང་ཡོན་ལའེ་དང་དོན་གྲུབ་གཉིས་ཀྱིས་རྨ་ཆུའི་དཔྱང་ཟམ་དང་ཟོ་ཆུན་འཁོར་ལོའི་ཐང་ཆེན་སོགས་མཛེས་ལྗོངས་ཁུལ་སྒྱུར་བཀོད་རིམ་སྤར་བྱས་ཚུལ་དང་། 5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་པ་དང་འཆར་འགོད་བཀོད་སྒྲིག་བྱས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་སྟེ། ཡུལ་སྐོར་འཕེལ་རྒྱས་ཀྱི་ངེས་གནས་འཚོལ་བ་དང་མཛེས་ལྗོངས་ཁུལ་གྱི་སྒྲིག་ཆས་སྒྱུར་བཀོད་རིམ་སྤར་ཇེ་མགྱོགས་སུ་བཏང་ནས། ས་ཁོངས་ཀྱི་ཁྱད་ལྡན་རིག་གནས་འགྲེམས་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉམས་ལེན་རང་བཞིན་དང་ དུས་རིམ་ཧྲིལ་བོ། སྣ་མང་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་པའི་འཛད་སྤྱོད་ཀྱི་ཁོར་ཡུག་ཅིག་བསྐྲུན་ཏེ། མཛེས་ལྗོངས་ཁུལ་གྱི་འགུག་ཤུགས་དང་སྙན་གྲགས་མུ་མཐུད་དུ་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཆུ་ཁོལ་གད་སྙིགས་མེར་བསྲེགས་གློག་འདོན་ལས་གཞིའི་ས་ཚིགས་སུ། ཞུང་ཡོན་ལའེ་དང་དོན་གྲུབ་གཉིས་ཀྱིས་ལས་གཞིའི་ས་གནས་འདེམས་པ་དང་འཛུགས་སྐྲུན་གནས་ཚུལ་གྱི་སྙན་ཞུར་ནན་གྱིས་ཉན་ནས་ལས་གཞིའི་དུས་མགོའི་རྨང་གཞིའི་བྱ་བ་གཟབ་ནན་གྱིས་བསྒྲུབ་པ་དང་དུས་མཇུག་གི་འཁོར་བསྐྱོད་བྱ་བར་སྔོན་ལ་ཇུས་འགོད་བྱས་ཏེ། ལས་གཞིའི་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས་པ་དང་། གད་སྙིགས་ཉུང་གཏོང་ཅན་དང་ཐོན་ཁུངས་ཅན། གནོད་མེད་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། གད་སྙིགས་མེར་བསྲེགས་གློག་འདོན་ལས་གཞིའི་དཔེ་མཚོན་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

རྨ་སྲིབ་གྲོང་བརྡལ་ཞི་ཅཱ་ཙུའེ་སྡེ་བའི་སྒྲིག་བཀོད་སྔོ་ཚལ་འདེབས་འཛུགས་རྟེན་གཞི་རུ། ཞུང་ཡོན་ལའེ་དང་དོན་གྲུབ་གཉིས་ཀྱིས་རྟེན་གཞིའི་གཉེར་སྐྱོང་དང་ཐོན་ལས་ཀྱིས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ། དེ་མིན་ཅན་བཅུའི་ཏང་འཛུགས་སྤེལ་བ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། སྔོ་ཚལ་གསར་པའི་ཕྱིར་འཚོང་གི་ཐབས་ལམ་རྒྱ་ཆེར་བཏང་སྟེ། ལྗང་མདོག་སྐྱེ་ལྡན་གྱི་ཁས་ལེན་དཔང་ཡིག་དང་ཁྱད་ལྡན་སྤུས་རྟགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མུ་མཐུད་དུ་མཐོ་རུ་བཏང་སྟེ། སྒྲིག་བཀོད་སྔོ་ཚལ་དེ་སྡེ་སྟོབས་དམངས་ཕྱུག་གི་ཐོན་ལས་གཙོ་བོ་ཞིག་ཏུ་བསྒྱུར་དགོས་ཞེས་ནན་གྱིས་བསྟན།

བཞུགས་མོལ་ཚོགས་འདུའི་སྟེང་། ཞུང་ཡོན་ལའེ་དང་དོན་གྲུབ་གཉིས་ཀྱིས་ཁྲི་ཀ་རྫོང་ཨུའི་བྱ་བའི་སྙན་ཞུར་གསན་པ་དང་། བསམ་བློ་བརྟན་པོ་གཏོང་བ་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཆབ་སྲིད་ལག་བསྟར་བྱེད་ཤུགས་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས་པ་དང་། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་འཛུགས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཆེད་དོན་ལས་སྒྲུབ་ཚོགས་པའི་འགན་ནུས་དང་ངེས་གནས་ལ་དམིགས་ནས། ཅན་བཅུའི་ཏང་འཛུགས་ཀྱི་བྱེ་བྲག་གི་བྱ་བ་དམ་འཛིན་སྒོས་མང་ཚོགས་ཟབ་ཞུགས་ཀྱི་ཚད་དང་ཏང་འཛུགས་ཀྱི་འགུག་ཤུགས། གྲུབ་འབྲས་མཐོར་འདེགས་སུ་གཏོང་དགོས། རྫོང་ཁོངས་འཕེལ་རྒྱས་ཀྱི་ངེས་གནས་ཞིབ་ཕྲ་བཟོ་བ་དང་། ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་རིང་གི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་དང་། དམིགས་ཚད་ལས་འགན། ཐབས་ལམ་དང་བྱེད་ཐབས་བཅས་ཁ་གསལ་བཟོས་ཏེ། ལས་གཞི་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་རྫོང་ཁོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོར་གཏོང་དགོས། མགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་བྱ་བར་དམ་འཛིན་བྱེད་པ་དང་སྐབས་བརྗེའི་སྒྲིག་སྲོལ་ནན་མོར་བཏང་སྟེ། ལས་སྒྲུབ་ལས་གཏོད་ལ་སྤྱོད་གཙང་དྲང་གཞག་གི་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་ཉེ་དུས་ཀྱི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་འགུལ་སྐྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཚད་གཞི་མཐོན་པོས་རྨ་ཆུའི་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་ལ་སྲུང་སྐྱོང་ལེགས་པོ་བྱ་དགོས་པ་དང་། དྭངས་གཙང་རྨ་ཆུའི་སྐྱེ་ཁམས་ཡུལ་སྐོར་རྒྱུད་ཀྱི་འཛུགས་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ཡུལ་སྐོར་ཁོར་ཡུག་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ཞིང་འབྲེལ་ཞིང་ཁྲིད་འཐུས་ཚང་དུ་བཏང་ནས། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ཞིག་གཏོད་དགོས། ལས་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཧུར་ཐག་སྒོས་ཁྱད་ལྡན་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། འཛད་སྤྱོད་ཀྱི་ནུས་པར་མུ་མཐུད་དུ་སྐུལ་སྤེལ་བཏང་སྟེ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་བརྟན་པོའི་ངང་མཐོ་རུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་གྱི་བྱ་བ་དམ་འཛིན་ནན་མོ་བྱེད་པ་དང་། བྱུར་རྐྱེན་སྣ་ཚོགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྐྱོང་བྱས་ཏེ། དངོས་ཟོག་གྲབས་གསོག་དང་དངོས་འཐབ་ཅན་གྱི་འཁྲབ་སྦྱོང་སོགས་ཀྱི་བྱ་བ་ཁྱོན་ཡོངས་ནས་ལེགས་པོར་སྒྲུབ་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བྱ་དགོས་ཞེས་བླང་བྱ་བཏོན།

ཏེང་ཧྲེང་ཕེང་རྟོག་ཞིབ་ལ་ཞུགས།།

热门新闻

热门图库

热门排行