ཧན་ཀྲེང་གིས་པར་ཙིར་གྱི་ཕྱི་འབྲེལ་པུའུ་ཀྲང་ཝུའེ་ཨའེ་ལར་ཐུག་འཕྲད་གནང་།

ཟླ6པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིན་དུ་པར་ཙིར་གྱི་ཕྱི་འབྲེལ་པུའུ་ཀྲང་ཝུའེ་ཨའེ་ལར་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིན་དུ་པར་ཙིར་གྱི་ཕྱི་འབྲེལ་པུའུ་ཀྲང་ཝུའེ་ཨའེ་ལར་ཐུག་འཕྲད་གནང་།
ཧན་ཀྲེང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ལུའུ་ལ་ཡི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་ལ་རྒྱུན་མཐུད་དང་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་པོར་དམིགས་ནས་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་བཞིན་ཡོད་ལ། པར་ཙིར་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ་ཆུ་ཚད་མཐོ་བའི་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་བཏང་ནས། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཐད་རྒྱལ་ཁབ་ཆེན་པོའི་འགན་འཁུར་མངོན་པར་བྱེད་འདོད་ཡོད། ཀྲུང་གོ་དང་པར་ཙིར་གྱི་དངོས་གཉེར་མཉམ་ལས་ཀྱི་གསབ་རེས་རང་བཞིན་ཆེ་བ་དང་ནང་གནས་སྒུལ་ཤུགས་ཆེན་པོ་ཡོད། ཕྱོགས་གཉིས་ཀས་ཀྲུང་གོ་དང་པར་ཙིར་གྱི་མཐོ་རིམ་མཐུན་སྦྱོར་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་རྐྱེན་སྲོལ་གྱི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱས་ནས་མཉམ་ལས་དེ་ཚན་རྩལ་གྱི་འདུས་ཚད་མཐོན་པོ་དང་ཟུར་སྣོན་རིན་ཐང་སྔར་ལས་ཆེ་བ། འཐབ་ཇུས་རང་བཞིན་སྔར་ལས་དྲག་པ་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས།
ཝུའེ་ཨའེ་ལ་ཡིས་བསྟན་དོན། ཉེ་བའི་ལོ་ཤས་རིང་པར་ཙིར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་རྒྱུ་དེར་གཙོ་འཛིན་མཉམ་འགུལ་ཁྲོད་སྔར་ལས་ཤུགས་སྣོན་ཐེབས་ཡོད། མིག་སྔར། ཕྱོགས་མང་རིང་ལུགས་ལ་སྔར་བྱུང་མྱོང་མེད་པའི་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་། པར་ཙིར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་རྒྱུ་ནི་སྔར་ལས་གལ་འགངས་ཆེ་བ་ཞིག་རེད། པར་ཙིར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། །