གནད་བསྡུས། 详情

ཞིང་ཆེན་ཡོངས་ཀྱི་ན་ཆུང་བྱིས་པར་ཕུལ་བའི་ཤིས་འཕྲིན།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟླ་དྲུག་པའི་ཚེས་གཅིག་ཉིན་ཞིང་ཆེན་ཡོངས་ན་ཆུང་བྱིས་པར་ཤིས་འཕྲིན་སྤྲིངས། ཤིས་འཕྲིན་གྱི་ནང་དོན་གཤམ་གསལ་ལྟར། 

སྙིང་ཉེ་བའི་གྲོགས་པོ་ཆུང་ཆུང་ཚོ།

དེ་རིང་ནི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཡིན་པས། ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཚང་མར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་ཡིན།

ན་ཆུང་བྱིས་པ་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རེ་བ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་ན་ཆུང་བྱིས་པར་ཐུགས་ཁུར་ཟབ་བཞེས་གནང་ནས། ཁྱོད་ཚོས་ཏང་ལ་དགའ་ཞེན་དང་རྒྱལ་གཅེས། བརྩོན་འགྲུས་ཆེན་པོ་བསྐྱེད་དེ་སློབ་སྦྱོང་ལ་དགའ་བ། ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ་བཅས་ཀྱི་དུས་རབས་གསར་པའི་ན་ཆུང་བཟང་པོ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་ཕྲག་ཏུ་ལེན་ཐུབ་པའི་གནམ་འདེགས་ཀ་བ་ལྟ་བུར་འགྱུར་བར་རེ་ལྟོས་གནང་བཞིན་ཡོད།  མངགས་བཅོལ་ཟབ་མོ་དེས་རྒྱལ་ཡོངས་ཀྱི་ན་ཆུང་བྱིས་པ་རྣམས་དུས་རབས་གསར་པ་དང་ཁ་ཕྱོགས་གཅིག་མཐུན་དང་གོམ་པ་མཉམ་སྤོ་བྱེད་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་ཡོད་པར་མ་ཟད། འོད་སྟོང་ལྡན་པའི་མདུན་ལམ་གསལ་སྟོན་གནང་ཡོད།

རི་ཆུའི་འབྱུང་ཁུངས་ཀྱིས་ཀྲུང་ཧྭའི་ས་གཞི་བརླན་པར་བྱས་པ་དང་། རབ་མཛེས་མཚོ་སྔོན་གྱིས་ཉམས་སྣང་གསར་པ་མངོན་ཡོད། ན་ཆུང་བྱིས་པ་ནི་མཐོ་སྒང་གི་ས་གཞི་གཙང་མ་འདིའི་འབྱུང་འགྱུར་ཡིན་པར་བརྟེན། ཁྱོད་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་མོ་བློ་ལ་བརྟན་པོར་ངེས་སུ་བཅུག་ནས། མི་ཚེ་ཡི་གོམ་པ་དང་པོ་དེ་བརྟན་པོའི་ངང་སྤོས་ཏེ། ཆུང་དུས་ནས་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་དང་རླབས་ཆེན་མེས་རྒྱལ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་ཆེན་པོ་བཅངས་ནས། དྲིན་ཚོར་མདུན་སྐྱོད་དང་བདེ་ཐང་ངང་འཚར་ལོངས་ཡོང་བ། སློབ་སྦྱོང་ཡག་པོ་དང་ཉིན་རེར་ཡར་རྒྱས་ཡོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཚད་དང་ལྡན་པའི་འཛུགས་སྐྲུན་པ་དང་བློ་གཏད་ཆོག་པའི་རྒྱུན་འཛིན་པ་ཞིག་ཏུ་གང་མགྱོགས་སྒོས་འགྱུར་བར་འབད་དེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་འབྱུང་ཆེད། དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱེད་དགོས།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་མུས་བཞིན་ན་ཆུང་བྱིས་པའི་ལས་དོན་ལ་དོ་ཁུར་དང་མཐོང་ཆེན་བྱེད་བཞིན་ཡོད་ལ། རྒྱ་ཆེའི་དགེ་རྒན་དང་ན་ཆུང་བྱིས་པའི་ལས་སྒྲུབ་པ། སྤྱི་ཚོགས་ཡོངས་བཅས་ཀྱིས་མཉམ་དུ་ན་ཆུང་བྱིས་པ་འཚར་ལོངས་ཡར་རྒྱས་ཡོང་བར་གཅེས་སྐྱོང་བྱེད་པ་དང་། བསམ་པ་དང་བརྩེ་བ་རྣམ་དག་བཅངས་ནས་ན་ཆུང་བྱིས་པ་ཚོའི་ལམ་སྟོན་པ་དང་སྲུང་སྐྱོབ་པ། ཕུགས་འདུན་སྒྲུབ་རོགས་པ་བཅས་ཡག་པོ་བྱས་ནས། བྱིས་པ་ཚང་མ་བདེ་ཐང་དང་བདེ་སྐྱིད་ལྡན་པའི་ངང་འཚར་ལོངས་ཡོང་བར་བྱེད་དགོས།

མཇུག་མཐར་ཞིང་ཆེན་ཡོངས་ཀྱི་ན་ཆུང་བྱིས་པར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ། དགེ་རྒན་རྣམ་པ་དང་རྒྱ་ཆེའི་ན་ཆུང་བྱིས་པའི་ལས་སྒྲུབ་པ། ཁྱིམ་བདག་རྣམ་པ་བཅས་ཀྱི་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་དང་

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གཉིས་ནས།

                2026ལོའི་ཟླ6པའི་ཚེས1ཉིན།

热门新闻

热门图库

热门排行