མཚོ་ལྷོ་ཁུལ་གྱིས་ཏང་འཛུགས་སྣེ་ཁྲིད་དུ་བྱས་ཏེ་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ལ་འགན་སྲུང་བྱས།
མཚོ་ལྷོ་ཁུལ་གྱིས་ཏང་འཛུགས་སྣེ་ཁྲིད་དུ་བྱས་ཏེ་མང་ཚོགས་ཀྱི་འཐུང་ཆུའི་དགོས་མཁོར་དམིགས་ནས་དམངས་ཕན་ཆུ་བེད་ལས་གཞི་ཇུས་འགོད་དང་བརྩོན་ལེན། འཛུགས་སྐྲུན་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་དང་ཆུ་བེད་བཟོ་སྐྲུན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བ། ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཞིང་། སེམས་ཞིབ་མོས་དམངས་འཚོའི་ཆུ་བེད་བྱ་བ་དངོས་ཡག་པོ་བསྒྲུབས་ཏེ་གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ལ་འགན་སྲུང་བྱས།
གསར་འགོད་པའི་ཡུལ་དངོས་ཀྱི་གཏམ། ཀྲེན་ཡུང་ཁྲའོ། ལྟ་མཁན་རྣམ་པ། ང་ད་ལྟ་ཡོད་སའི་གནས་འདི་ནི་གུང་ཧོ་རྫོང་ཧ་རྒན་ཆུ་མཛོད་ཀྱི་ཨར་ལས་བྱ་ཡུལ་ཡིན་ཞིང་། ད་ལོ་ནས་བཟུང་རང་རེའི་ཁུལ་གྱིས་འབྲོག་ཁུལ་གྱི་དོན་དངོས་ལ་གཞིགས་ཏེ། ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་དགེ་མཚན་ལ་བརྟེན་ནས་འཐུང་ཆུ་བསྒྱུར་བཀོད་དང་ཆུ་མཛོད་འཛུགས་སྐྲུན། ཆུ་གྲོན་ཆུང་། ཆུའི་སྤུས་ཚད་མཐོར་འདེགས་སོགས་དམངས་ཕན་ཆུ་བེད་ལས་གཞི་རབ་དང་རིམ་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། བཟོ་སྐྲུན་གྱི་ལས་གཞི་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བ་བརྒྱུད་ས་ཁོངས་ཡོངས་ཀྱི་ཆུ་བེད་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་ནས། ཆུ་བེད་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་ཕན་ཁེ་དངོསཐོབ་པར་བྱས།
བསྟུད་མར་ཉིན་འགའི་རིང་ལ། གུང་ཧོ་རྫོང་ཧ་རྒན་ཆུ་མཛོད་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། ཆུ་མཛོད་དེ་གུང་ཧོ་རྫོང་ཐང་སྐར་མ་གྲོང་བརྡལ་གྱི་བྲག་དཀར་སྡེ་བའི་བྱང་ཕྱོགས་ཀྱི་ཧ་རྒན་ལུང་ཤུར་དུ་གནས་པ་དང་། ཇུས་འགོད་བྱས་པའི་སྤྱིའི་ཆུ་མཛོད་ཀྱི་ཤོང་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི255.29དང་། ཆུ་མཛོད་ཀྱི་རྒྱུན་ཆུ་ཤོང་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི150.96དང་། ཆུ་མཛོད་ཀྱི་འབྲུབ་ཆུ་སྙོམས་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི43.16བཅས་ཟིན་ཡོད།
གུང་ཧོ་རྫོང་ཧ་རྒན་ཆུ་མཛོད་བཟོ་སྐྲུན་ལས་གཞི་པུའུ་ཡི་པའེ་ཞའོ་ཡུའུ་ཡིས་བཤད་རྒྱུར། ཧ་རྒན་ཆུ་མཛོད་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས། ཐང་སྐར་མ་གྲོང་བརྡལ་དང་ས་གྲུ་བཞི་ཤང་། ཨུར་སྟི་ཤང་བཅས་སྡེ་བ16གི་བསྡོམས་པས་མི་ཁྲི1.14དང་ཕྱུགས་ཟོག་ཁྲི10.93གྱི་འཐུང་ཆུ་དང་། རྨོ་ཞིང་མུའུ་ཁྲི0.17གྱི་ཆུ་འདྲེན་གནད་དོན་ཐག་གཅོད་བྱ་ཐུབ་པས། ཕྱོགས་བསྡུས་བཀོལ་སྤྱོད་བྱེད་པའི་ཆུ་མཛོད་ཞིག་ཡིན་ལ། དེས་ཆུ་འདོན་པ་དང་ཆབས་ཅིག་ཏུ་མཐའ་འཁོར་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་ཐུབ་ཟེར།
ཆུ་གསོག་འདྲེན་གཏོང་མ་ལག་འཐུས་ཚང་དུ་གཏོང་བ་ནི་མང་ཚོགས་ཀྱི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་ཅིང་།རང་ཁུལ་གྱིས་ཆུ་བེད་ལས་གཞི་གཙོ་བོའི་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱས་ཏེ། གུང་ཧོ་རྫོང་ཧ་རྒན་ཆུ་མཛོད་དང་ཞིན་ཧེའི་བྱ་ནང་ཆུ་མཛོད། ཀོས་ནན་ཧ་ར་ཆུ་མཛོད། ཐུན་ཏེའི་འཇང་ཆེན་ཆུ་མཛོད་སོགས་གཙོ་གནད་ཆུ་བེད་ལས་གཞི54ཡི་བཟོ་སྐྲུན་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱེད་བཞིན་པས། ཆུ་བེད་འགན་སྲུང་མུ་མཐུད་དུ་ཇེ་ལེགས་སུ་བཏང་ཡོད།
མཚོ་ལྷོ་ཁུལ་ཆུ་བེད་ཅུའུ་ཏང་ཙུའུ་ཁོངས་མིའམ་ཅུའུ་ཀྲང་གཞོན་པ་དབྱང་པའོ་ཞན་གྱིས་བཤད་རྒྱུར། མིག་སྔའི་བར་དུ་ཁུལ་ཡོངས་ཀྱི་ཆུ་བེད་བཟོ་སྐྲུན་ལས་གཞི22ལས་མགོ་བརྩམས་ནས་མ་དངུལ་སྒོར་དུང་ཕྱུར1.1བཏང་ཞིང་། མིག་སྔར་བཟོ་སྐྲུན་སོ་སོའི་འཛུགས་སྐྲུན་བརྟན་པོའི་ངང་སྐུལ་འདེད་བྱེད་བཞིན་པ་དང་། ནང་སྒོས་སུ་ང་ཚོའི་ཆུ་མགོ་གཙོ་བོ4དང་ཆུ་མཛོད4ཡི་བཟོ་སྐྲུན་མགྱོགས་མྱུར་ངང་ལག་བསྟར་བྱེད་བཞིན་ཡོད། དུས་མཚུངས་སུ་ང་ཚོས་ཞིང་སྡེ་དང་འབྲོག་ཁུལ་གྱི་ཆུ་འདོན་སྒྲིག་ཆས་ཇེ་ལེགས་སུ་གཏོང་བའི་བྱ་བར་སྐུལ་འདེད་བྱས་ནས། ཁུལ་ཡོངས་ཀྱི་བཟོ་སྐྲུན11ཕྱོགས་ཡོངས་ནས་ལས་མགོ་བརྩམས་པས། དེས་ཞིང་སྡེའི་ཆུ་འདོན་ཆུ་ཚད་མཐོར་འདེགས་སུ་གཏོང་ཐུབ་པ་མ་ཟད་ཆུ་མགོའི་བདེ་འཇགས་འགན་སྲུང་ཇེ་ལེགས་སུ་བཏང་ནས། མང་ཚོགས་ལ་ཆུ་གཙང་མ་འཐུང་དུ་འཇུག་ཐུབ་ཟེར།