ཞི་ཅིན་ཕིང་དང་ཨེ་ཅིབ་ཀྱི་སྲིད་འཛིན་སའེ་ཞི་རྣམ་གཉིས་ཀྱིས་ཀྲུང་ཨེའི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་གློག་འཕྲིན་བཏང་བ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨེ་ཅིབ་ཀྱི་སྲིད་འཛིན་སའེ་ཞི་རྣམ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་ཀྱི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཨེ་ཅིབ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་མཁན་གྱི་ཨ་རབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་པོ་དེ་རེད། ཕྱི་འབྲེལ་བཙུགས་ནས་ལོ་འཁོར70ལོན་པའི་རིང་། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ལྷག་བསམ་ཟོལ་མེད་ངང་ལྟ་སྟངས་འཛིན་པ། ཕན་ཚུན་ལྟ་སྐྱོང་བཅས་བྱས་པས། ཀྲུང་ཨེའི་འབྲེལ་བ་རྒྱུན་མཐུད་ངང་སྲ་བརྟན་དང་འཕེལ་རྒྱས་བྱུང་ཡོད། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་སྒྲོམ་གཞིའི་ནང་མཉམ་ལས་གཏིང་ཟབ་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་ནས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་བཏོད་ཡོད་ལ། དུས་རབས་གསར་པའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀ་འཛམ་གླིང་གི་ཤེས་རིག་གནའ་བོའི་རྒྱལ་ཁབ་དང་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་ཀྱི་ཁོངས་མི་གལ་ཆེན་ཡིན་པས། ལོ་རྒྱུས་ཁྲོད་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ཞི་བདེ་དོན་གཉེར་དང་འཕེལ་རྒྱས་དོན་གཉེར། མཉམ་ལས་ལ་སྐུལ་འདེད། དྲང་བདེན་དར་སྤེལ་བཅས་ཀྱི་དུས་རབས་ཀྱི་འགན་འཁྲི་འཁུར་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་ཆེན་པོ་སྣོན་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཨེའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། སའེ་ཞི་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ནས། ཕྱི་འབྲེལ་བཙུགས་ནས་ལོ་འཁོར70ལོན་པ་མགོ་འཛུགས་ས་གསར་པར་བྱས་ཏེ། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན་དང་། ཁྱབ་ཁོངས་སོ་སོའི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་ཨེའི་འབྲེལ་བར་འཐབ་ཇུས་ཀྱི་ཁྲིད་སྟོན་ནུས་པ་དང་། འཕེལ་རྒྱས་ཀྱི་གོང་བུ་འགྲིལ་ཤུགས། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་བཅས་སྔར་བས་ལྡན་པར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་དེ་བས་ལེགས་པ་ཐོབ་པར་བྱས་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་སྟོབས་ཤུགས་སྔར་ལས་ཆེན་པོ་ལེགས་སྐྱེས་སུ་འབུལ་འདོད་ཡོད།
སའེ་ཞི་ཡིས་བསྟན་དོན། ཨེ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་ཡོད། ཕྱི་འབྲེལ་བཙུགས་པའི་ལོ་ངོ70ཡི་རིང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་སྣེ་ཁྲིད་འོག ཨེ་ཀྲུང་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་ཡོད། ངས་ཨེ་ཀྲུང་འབྲེལ་བར་གྲུབ་འབྲས་གལ་ཆེན་ཐོབ་པར་གཟེངས་བསྟོད་བྱེད་བཞིན་ཡོད། ཞི་ཅིན་ཕིང་གིས་ཨེ་ཅིབ་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་ཕྱོགས་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་སྐུལ་འདེད་བྱས་ཏེ། བརྟན་འཇགས་དང་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ལ་ཁ་གཏད་འཇལ་བའི་ནུས་པ་སྔར་ལས་ཆེ་བའི་སྣེ་མང་འཛམ་གླིང་མཉམ་དུ་འཛུགས་སྐྲུན་བྱས་ཏེ། རྒྱལ་ཁབ་སོ་སོས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ་མཉམ་དུ་ཞི་བདེ་དང་བདེ་འཇགས་མངོན་འགྱུར་བྱེད་དགོས།
ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏི་པུའུ་ལི་ལ་རྟེན་འབྲེལ་གློག་འཕྲིན་བཏང་། ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་མཉམ་དུ"རྒྱུད་གཅིག་ལམ་གཅིག"བསྐྲུན་པ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་དམ་ཟབ་ཏུ་གཏོང་བ། ཨེ་ཅིབ་ཀྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་འདོད་ཡོད།
མཱ་ཏི་པུའུ་ལི་ཡིས་བཤད་རྒྱུར། ལོ་ངོ70ཡི་རིང་ལ། ཨེ་ཅིབ་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ལ་སྔར་མེད་ཀྱི་གྲུབ་འབྲས་ཐོབ་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། དཔལ་འབྱོར་དང་ཚན་རྩལ་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་རེ་སྒུག་བྱེད་བཞིན་ཡོད། །