ཀྲའོ་ལེ་ཅི་ཡིས་ཨུ་རུ་སུར་དངོས་གཞིའི་མཛའ་བརྩེའི་འཚམས་འདྲི་གནང་བ་མ་ཟད་ཀྲུང་ཨུ་གྲོས་ཚོགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པར་ཞུགས་པ།

ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་མ་ཐེ་ཝེ་ཡན་ཁོ་དང་རྒྱལ་ཁབ་ཏུའུ་མའི་ཀྲུའུ་ཞི་ཝོ་ལུའོ་ཅིན་གྱི་གདན་ཞུ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཟླ5པའི་ཚེས27ཉིན་ནས་ཚེས30ཉིན་བར་ཨུ་རུ་སུར་དངོས་གཞིའི་མཛའ་བརྩེའི་འཚམས་འདྲི་གནང་བ་མ་ཟད་ཀྲུང་ཨུ་གྲོས་ཚོགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པར་ཞུགས། འདི་ནི་ཟླ5པའི་ཚེས28ཉིན། ཀྲའོ་ལེ་ཅི་ཡིས་མའོ་སི་ཁོ་རུ་མ་ཐེ་ཝེ་ཡན་ཁོ་དང་མཉམ་དུ་ཀྲུང་ཨུ་གྲོས་ཚོགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པར་ཞུགས་པའི་ཚུལ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་མ་ཐེ་ཝེ་ཡན་ཁོ་དང་རྒྱལ་ཁབ་ཏུའུ་མའི་ཀྲུའུ་ཞི་ཝོ་ལུའོ་ཅིན་གྱི་གདན་ཞུ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཟླ5པའི་ཚེས27ཉིན་ནས་ཚེས30ཉིན་བར་ཨུ་རུ་སུར་དངོས་གཞིའི་མཛའ་བརྩེའི་འཚམས་འདྲི་གནང་བ་དང་། མའོ་སི་ཁོ་རུ་སོ་སོར་མ་ཐེ་ཝེ་ཡན་ཁོ་དང་ཝོ་ལུའོ་ཅིན་དང་གྲོས་མོལ་གནང་བ་མ་ཟད། ཀྲུང་ཨུ་གྲོས་ཚོགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པར་ཞུགས།
མ་ཐེ་ཝེ་ཡན་ཁོ་དང་ཝོ་ལུའོ་ཅིན་ལ་སོ་སོར་གྲོས་མོལ་བྱེད་སྐབས། ཀྲའོ་ལེ་ཅི་ཡིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཨུའི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ཡོད། གཟའ་འཁོར་གོང་མར་ཙུང་ཐུང་ཕུའུ་ཅིང་གིས་རྒྱལ་ཁའི་ངང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་མཛའ་གྲོགས་ཟབ་ཅིང་གྲུབ་འབྲས་ལྡན་པའི་གྲོས་མོལ་གནང་ནས། ཀྲུང་ཨུའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་ལ་ཐུན་མོང་ཐོག་མིང་རྟགས་བཀོད་པས། ཀྲུང་ཨུའི་འབྲེལ་བ་དེ་བས་བྱས་རྗེས་ལྡན་པ་དང་དེ་བས་མགྱོགས་མྱུར་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་བསླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཀྲུང་ཨུའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པ་བ་དང་།《ཀྲུང་ཨུའི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་འཁོར25ལོན་པ་གོ་སྐབས་སུ་བྱས་ཏེ། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ། གཉིས་ཕན་མཉམ་ལས་དང་ཁེ་ཕན་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་ཨུའི་འབྲེལ་བར་དེ་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་མངོན་འགྱུར་བྱེད་འདོད་ཡོད།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་སྤེལ་རེས་ལམ་སྲོལ་ཉིན་བཞིན་འཐུས་ཚང་དུ་ཕྱིན་ནས། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་བཅའ་ཁྲིམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་སེམས་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཕྱོགས་གཉིས་ཀྱིས་ཁྲིམས་འཛུགས་སྒྲིག་གཞིའི་འགན་ནུས་དང་འགན་འཁྲིར་གཞི་ཚུགས་ནས། རིམ་པ་མང་བ་དང་ཁྱབ་ཁོངས་མང་བའི་འགྲོ་འོང་གི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱེད་པ་དང་། ཤེས་རྟོགས་དང་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཀྲུང་ཨུའི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཞབས་འདེགས་དེ་བས་ལེགས་པོ་ཞུ་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མིས་བཟོས་རིག་ནུས། ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས། ཁྲིམས་འཛུགས་ཉམས་མྱོང་སྤེལ་རེས་བྱེད་དགོས།
མ་ཐེ་ཝེ་ཡན་ཁོ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་བསླེབས་ཡོད། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ཨུ་རུ་སུ་དང་ཀྲུང་གོའི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་གྲོགས་ཇེ་ཟབ་ཏུ་གཏོང་རྒྱུར་འབད་བརྩོན་བྱས་ཏེ། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས། དཔལ་འབྱོར་ཚོང་དོན་དང་མ་འཇོག ནུས་རྒྱུ། མི་ཆོས། འགྲིམ་འགྲུལ། ས་གནས་སོགས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད།
ཝོ་ལུའོ་ཅིན་གྱིས་བསྟན་དོན། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་ནི་དུས་རབས21པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་ཞིག་རེད། ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མའི་ཏང་ཤོག་ཁག་གི་བློ་བརྟན་འགྱུར་མེད་ཀྱི་ཐུན་མོང་ངོས་འཛིན་ཞིག་རེད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལས་དོན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྔར་ལས་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ཨུ་རུ་སུས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་མོ་ཞུས་ནས། ཀྲུང་གོ་ཕྱོགས་དང་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད།
ཚེས28ཉིན། ཀྲའོ་ལེ་ཅི་ཀྲུང་ཨུའི་གྲོས་ཚོགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པར་ཞུགས་པ་རེད། ཁོང་གིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིས་གཙོ་བདག་གི་ཕྱི་འབྲེལ་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དང་། ཕྱོགས་གཉིས་ཀྱིས་མིང་རྟགས་བཀོད་པའི་མཉམ་ལས་ཡིག་ཆ། གཏན་འཁེལ་བྱས་པའི་རྣམ་གྲངས་གལ་ཆེན་བཅས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཕན་པའི་བཅའ་ཁྲིམས་ཡིག་ཆར་དུས་ཐོག་ཏུ་ཆོག་མཆན་སྤྲོད་པ་དང་འབྲེལ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཕྱི་གསལ་མངོན་གསལ་དང་། དྲང་གཞག བརྟན་ལྷིང་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ཏེ། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས། ཕྱོགས་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས། “ཀྲུང་ཨུའི་སློབ་གསོའི་ལོ”སོགས་ཀྱི་བྱེད་སྒོའི་ནང་ཧུར་ཐག་གིས་ཞུགས་ནས། མི་ཆོས་སྤེལ་རེས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་ཨུའི་མཛའ་གྲོགས་ལ་དམངས་སེམས་ཀྱི་རྨང་གཞི་བརྟན་པོ་བསྐྲུན་དགོས། ད་ཡོད་ཀྱི་ལམ་སྲོལ་དང་ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ནས། ས་གནས་ཁྲིམས་འཛུགས་ལས་ཁུངས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། ས་གནས་མཉམ་ལས་རྒྱ་ཆེར་གཏོང་ཆེད་ཐབས་ཇུས་དང་ནུས་ཤུགས་འདོན་དགོས། རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་སོགས་ཀྱི་ཕྱོགས་མང་ལམ་སྲོལ་ནང་མཉམ་ལས་དམ་ཟབ་བྱས་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་དགོས།
ཨུ་རུ་སུར་འཚམས་འདྲི་གནང་སྐབས། ཀྲའོ་ལེ་ཅི་ཡིས་མའོ་སི་ཁོ་རུ《ཀྲུང་ཨུའི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་འཁོར25ལོན་པའི་པར་རིས་འགྲེམ་སྟོན་དང་ཀྲུང་གུང་ཚོགས་ཆེན་དྲུག་པའི་ཤུལ་བཞག་ཚོགས་གནས་འགྲེམ་སྟོན་ཁང་ལ་སོ་སོར་ལྟ་སྐོར་གནང་ནས། ཨུ་རུ་སུའི་མིང་མེད་དཔའ་བོར་མེ་ཏོག་ཕུལ། དབྱི་ཨེར་ཁུའུ་ཚི་ཁོ་མངའ་སྡེ་རུ་མངའ་དཔོན་ཁོ་པུའུ་ཙེ་ཧྥུའུ་དང་མངའ་སྡེའི་ཁྲིམས་འཛུགས་གྲོས་ཁང་གི་ཀྲུའུ་ཞི་ཝེ་ཅེ་ཨེར་ཉི་ཁོ་ཧྥུའུ་ལ་ཐུག་འཕྲད་གནང་ནས། ས་གནས་ཀྱི་དངོས་བརྩོན་མཉམ་ལས་ལ་ཤུགས་བསྣན་ནས། མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གསོན་ཤུགས་ཆེན་པོ་བསྣོན་རྒྱུའི་རེ་བ་ཡོད་པར་བསྟན། །