སྲིད་དོན། 详情

རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག་རིམ་འདས་སྐབས་གསུམ་པའི་མཚོ་ལྷོ་འགྲན་ཁུལ་གྱི་འགྲན་ཐེངས་གཉིས་པ་སྤེལ།

2026-06-01 16:42:05 来源: 作者: 编辑:超级管理员

ཟླ5པའི་ཚེས31ཉིན། རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག་རིམ་འདས་འགྲན་བསྡུར་སྐབས་གསུམ་པའི་མཚོ་ལྷོ་འགྲན་ཁུལ་གྱི་འགྲན་བསྡུར་ཐེངས་གཉིས་པ་མཚོ་ལྷོ་ཁུལ་མི་རིགས་ལུས་རྩལ་ར་བར་སྤེལ་བ་དང་། མཚོ་ལྷོ་ལུང་གཡང་རུ་ཁག་གིས་མཚོ་ལྷོའི་འགྲན་ར་གཙོ་བོ་ནས་མགོ་ལོག་གེ་སར་རུ་ཁག་དང་འགྲན་བསྡུར་བྱས། ཐེངས་འདིའི་འགྲན་དོན་གྱིས་མཚོ་ལྷོ་ཁུལ་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་ཐོན་ཁུངས་དང་། དམངས་སྲོལ་རིག་གནས། ལུས་རྩལ་ཐོན་ཁུངས་ལ་བཅས་ལ་གཞི་བཙུགས་ཏེ། ཁུལ་ཡོངས་ཀྱི་ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས་དང་ཁམས་གསོ་བཅས་ཐོན་ལས་ཆེན་པོ་དྲུག་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་སྟེ། ལུས་རྩལ་འགྲན་དོན་དེ་གཞི་རྟེན་དང་ཐོན་ལས་མཉམ་འགུལ་དམ་འཛིན་བྱས་ནས་མཐོ་སྒང་ལུས་རྩལ་ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་མུ་མཐུད་དུ་མཐོར་འདེགས་སུ་བཏང་།

ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་། ཤན་འབྱེད་པའི་བརྡ་བཏང་བ་དང་བསྟུན་ནས་མཚོ་ལྷོ་ལུང་དབྱང་རུ་ཁག་དང་མགོ་ལོག་གེ་སར་རུ་ཁག་གིས་མཚོ་ལྷོའི་འགྲན་ར་གཙོ་བོ་རུ་འགྲན་བསྡུར་གྱི་མགོ་བརྩམས། ཕྱོགས་གཉིས་ཀྱི་ལུས་རྩལ་པ་རྣམས་ཀྱིས་སྙིང་སྟོབས་རབ་ཏུ་འཕེལ་བ་དང་དཔའ་ངར་ཆེར་བསྐྱེད་ཀྱིས་རྒོལ་འགོག་བརྗེ་སྒྱུར་ལ་གོ་རིམ་ལྡན་པ་དང་བརྒྱུད་སྤྲོད་གཞོགས་འདེགས་ལ་བྱང་ཆ་ལྡན་པས་འགྲན་བསྡུར་ལ་ཛ་དྲག་ཤིན་ཏུ་ཆེ་ཞིང་། མཐོ་སྒང་རྐང་གྲུག་ལུས་རྩལ་པ་ཚོའི་སྙིང་རུས་ཆེན་པོ་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པ་དང་མཐུན་སྒྲིལ་རོགས་རེས་ཀྱི་ལུས་རྩལ་སྙིང་སྟོབས་བཟང་པོ་གང་ལེགས་སྒོས་མངོན་ནས། ཡུལ་དངོས་ཀྱི་ལྟ་མཁན་ཡོངས་ལ་སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བའི་ལུས་རྩལ་གྱི་ལྟད་མོ་གྱ་ནོམ་པ་ཞིག་ཕུལ་བ་རེད། ཛ་དྲག་གི་འགྲན་བསྡུར་བརྒྱུད་མཇུག་མཐར་སྐར་འབྲས0:0ལས་འགྲན་མཉམ་བྱུང་། འགྲན་དོན་གྱིས་དུས་མཉམ་དུ་ཁྱད་ལྡན་རྒྱན་ལེན་གྱི་གོ་རིམ་བཀོད་སྒྲིག་བྱས་ནས་རང་ས་གནས་ཀྱི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་བྱ་དགའ་གནང་སྟེ། ལུས་རྩལ་འགྲན་དོན་དང་རང་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་།

མཚོ་ལྷོ་ལུང་གཡང་རུ་ཁག་གི་ལུས་རྩལ་པ་རྡོ་རྗེ་ཚེ་རིང་གིས་བཤད་རྒྱུར། འགྲན་བསྡུར་རེ་རེར་ཚང་མས་ནུས་ཤུགས་ཡོད་རྒུ་བཏོན་པ་ཡིན། རྗེས་མའི་འགྲན་བསྡུར་ལ་དམིགས་ཏེ་ང་ཚོས་ཉམས་མྱོང་ཕྱོགས་སྡོམ་ཡག་པོ་བྱེད་པ་དང་། ནན་ཏན་གྱིས་རྒྱུན་ལྡན་གྱི་སྦྱོང་བརྡར་ལ་ཞུགས་པ། རུ་མི་ཚོ་དང་མཉམ་དུ་འབད་བརྩོན་བྱས་ནས་རྗེས་མའི་འགྲན་བསྡུར་ཁྲོད་སྔར་ལས་བཟང་བའི་གྲུབ་འབྲས་ཤིག་ལེན་པར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།

མཚོ་ལྷོ་ལུང་གཡང་རུ་ཁག་གི་རྩལ་ཁྲིད་པ་ཝང་ཅེ་ཆུན་གྱིས་བཤད་རྒྱུར། འགྲན་བསྡུར་སྔོན་མ་གཉིས་ཀྱི་སྐབས་སུ་ང་ཚོའི་རུ་མི་ཚོས་མཐུན་སྒྲིལ་འབད་བརྩོན་ལ་བརྟེན་ནས། ང་ཚོ་མཚོ་ལྷོའི་ཡུལ་མི་སྤུན་ཟླ་རྣམ་པར་མཚོ་ལྷོ་ལུང་གཡང་རུ་ཁག་གི་སྣང་བརྙན་བཟང་པོ་མངོན་མོད། ཡིན་ཡང་ཞན་ཆའང་མང་པོ་ཞིག་ཡོད་པ་རེད། རྗེས་ཕྱོགས་སྦྱོང་བརྡར་གྱི་ཁྲོད་དུ། ང་ཚོས་ལུས་རྩལ་པ་རེ་རེའི་ཁྱད་ཆོས་ལ་དམིགས་བསལ་རང་བཞིན་གྱི་སྦྱོང་བརྡར་བྱས་ཏེ། ལུས་རྩལ་པའི་ཆེས་བཟང་པོའི་རྣམ་པ་རྒྱུན་འཁྱོངས་བྱས་ནས་མཇུག་འབྲས་བཟང་བོ་ཞིག་ལེན་པར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།

ཐེངས་འདིའི་འགྲན་དོན་གྱིས་ལུས་རྩལ་ལ་བརྟེན་ནས་སྟེགས་བུ་བསྐྲུན་པ་དང་རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཟློས་གར་འཁྲབ་པ་ཞེས་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མཚོ་ལྷོ་ཁུལ་གྱི་ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས། ཁམས་གསོ་བཅས་ཐོན་ལས་ཆེན་མོ་དྲུག་གི་མཉམ་འདྲེས་འཕེལ་རྒྱས་ཀྱི་མ་ལག་དང་འབྲེལ་མཐུད་གང་ལེགས་བྱས་ནས། ལུས་རྩལ་འགྲན་དོན་དང་ཁྱད་ལྡན་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་ཞིག་གསར་གཏོད་བྱས་ཡོད། འགྲན་རའི་ཕྱི་རོལ་དུ་རང་ས་ཁུལ་གྱི་སྤུས་ལེགས་ཁེ་ལས་མང་པོས་ཐོན་རྫས་འགྲེམ་འཚོང་དང་དྲ་ཐོག་ཐད་གཏོང་།ཐོན་ཁུངས་འོས་སྦྱོར་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། ཁུལ་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་གཟུགས་འདས་དམངས་སྲོལ་རིག་གནས། སྤུས་ལེགས་རིག་གནས་ཡུལ་སྐོར་ཐོན་ཁུངས། ཁྱད་ལྡན་ཚོང་ལས་བཅས་ཕྱོགས་ཡོངས་ནས་འགྲེམ་སྟོན་བྱས་པར་མ་ཟད། མཚོ་ལྷོ་ཁུལ་གྱི་མཐོ་སྒང་སྐྱེ་ཁམས་ཞིང་ཕྱུགས་དང་མང་ཚོགས་ལུས་རྩལ། མི་རིགས་རིག་གནས། སྐྱེ་ཁམས་ཡུལ་སྐོར། ཁྱད་ལྡན་ཚོང་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་གཡུར་ཟའི་གྲུབ་འབྲས་མངོན་པ་དང་། རྐང་རྩེད་སྤོ་ལོའི་འགྲན་ར་དེ་མཚོ་ལྷོའི་འཕེལ་རྒྱས་ཀྱི་ཕན་འབྲས་འགྲེམ་སྟོན་དང་། རང་ས་གནས་ཀྱི་ཁྱད་ལྡན་སྤུས་རྟགས་འོས་སྦྱོར། ས་ཁོངས་ཐོན་ལས་ལ་གསོན་ཤུགས་སྩོལ་བ་བཅས་བྱེད་པའི་ཕྱི་ཕྱོགས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་བསྐྲུན་རྒྱུ་རེད།

ལྟད་མོ་བ་རྣམས་ཀྱིས་རྐང་གྲུག་འགྲན་བསྡུར་ལ་ལྟ་ཞོར་དུ་གནས་མཆོག་མཚོ་ལྷོའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ལ་ཉམས་ལེན་བྱས།།


热门新闻

热门图库

热门排行