སྲིད་དོན། 详情

མཚོ་ལྷོ་ཁུལ་གྱིས་སྐོར་ཁག་དང་པོའི་སྡེ་བའི(སྡེ་ཁུལ)ལས་བྱེད་པ་ཅང་སུའུ་རུ་སོང་ནས་ལས་ཐོག་ཞིབ་འཇུག་དང་སློབ་སྦྱོང་བྱས་པའི་གྲུབ་འབྲས་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

རང་ཚགས་པར་གྱི་འཕྲིན། ཟླ5པའི་ཚེས27ཉིན། ཁུལ་ཡོངས་ཀྱི་སྐོར་ཁག་དང་པོའི་སྡེ་བའི(སྡེ་ཁུལ)ལས་བྱེད་པ་ཅང་སུའུ་རུ་ལས་ཐོག་ཞིབ་འཇུག་དང་སློབ་སྦྱོང་བྱས་པའི་གྲུབ་འབྲས་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ་རེད། ཚོགས་འདུའི་ཐོག་ལས་ཐོག་ཞིབ་འཇུག་སློབ་སྦྱོང་གི་སྤྱིའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཅང་སུའུ་རུ་ཞིབ་འཇུག་དང་སློབ་སྦྱོང་བྱས་པའི་གྲུབ་འབྲས་ཕྱོགས་བསྡོམས་བྱས་ཤིང་། སྣེ་ཁྲིད་མཁན་གྱི་ཤང(གྲོང་བརྡལ)གྱི་མགོ་གཙོ་དང་། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འཐུས་ཚབ་པ་ཁག་ཅིག་གིས་སློབ་སྦྱོང་མྱོང་ཚོར་མཉམ་སྤྱོད་བྱས་པ་དང་། བསམ་བློ་བརྗེ་རེས་དང་ཕན་ཚུན་སློབ་སྦྱོང་བྱས་པ་བརྒྱུད་ངོས་འཛིན་གཅིག་མཐུན་བྱུང་ཞིང་། བསམ་བློའི་གོ་རྟོགས་དང་མིག་རྒྱང་། འགན་སྒྲུབ་ནུས་པ་བཅས་སྔར་ལས་མཐོ་རུ་ཕྱིན་ཏེ། ཅན་བཅུའི་ཏང་འཛུགས་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་། ཁུལ་ཨུའི་ཧྲུའུ་ཅི་བློ་མཐུན་ཞུང་ཡོན་ལའེ་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་ཞིང་། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་བློ་མཐུན་ལིའུ་ཡན་གྱིས་ཚོགས་འདུར་མགོ་འཛིན་བྱས།

ཞུང་ཡོན་ལའེ་ཡིས་སྡེ་བའི(སྡེ་ཁུལ)ལས་བྱེད་པའི་ལས་ཐོག་ཞིབ་འཇུག་དང་སློབ་སྦྱོང་བྱས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཤང(གྲོང་བརྡལ)དང་སྡེ་བ(སྡེ་ཁུལ)ཡིས་ཅན་བཅུའི་ཏང་འཛུགས་སྐུལ་འདེད་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས། དོགས་གནད་རེ་རེ་སེལ་བར་མཛུབ་ཁྲིད་གནང་བ་རེད། ཁོས་ཅན་བཅུའི་ཏང་འཛུགས་ནི་གཞི་རིམ་བཅོས་སྐྱོང་དཀའ་གནད་སེལ་བའི་གནད་འགག་ཡིན་པས། གཞི་རིམ་གྱི་དངོས་ཡོད་ལ་གཞི་ཚུགས་ནས། ལས་ཐོག་ཞིབ་འཇུག་དང་སློབ་སྦྱོང་གི་ཉམས་མྱོང་དེ་ས་གནས་ཅན་དུ་བསྒྱུར་བའི་གནད་བཙལ་ཏེ། ཞིབ་འཇུག་དང་སློབ་སྦྱོང་གི་གྲུབ་འབྲས་དེ་གཞི་རིམ་བཅོས་སྐྱོང་ནུས་པ་རིམ་སྤར་བྱེད་པའི་བྱེད་ཐབས་དངོས་ལ་བསྒྱུར་ནས། ཅན་བཅུའི་ཏང་འཛུགས་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་དགོས། ཞིབ་འཇུག་དང་སློབ་སྦྱོང་གི་ཁྲོད་ནས་ཉམས་མྱོང་ལེགས་པོ་བསྡུ་ལེན་བྱས་ཏེ། ཅང་སུའུ་ཡི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱས་པའི་ཉམས་མྱོང་ལ་སློབ་སྦྱོང་བྱས་ནས། ཞིབ་ཚགས་ཅན་དང་ལམ་ལུགས་ཅན། ཚད་ལྡན་ཅན་བཅས་སུ་བསྒྱུར་བའི་ཐད་ཤུགས་བཏོན་ཏེ། ཅན་བཅུའི་ཏང་འཛུགས་ཀྱི་ཆེད་དོན་བྱ་བའི་ཚན་ཆུང་ཁག་ཕན་ནུས་ཅན་དང་རྒྱུན་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཏང་འཛུགས་བྱ་བ་དེ་ཐོན་སྐྱེད་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག གྲོང་གསེབ་དར་སྤེལ། འགལ་བ་འདུམ་འགྲིག དམངས་ཚིས་འགན་སྲུང་སོགས་ཀྱི་མང་ཚོགས་ཀྱི་དོ་ཁུར་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། མང་ཚོགས་ཀྱིས་མཉམ་སྐྲུན་དང་མཉམ་སྐྱོང་། མཉམ་སྤྱོད་བྱེད་པའི་བརྩོན་སེམས་ལ་སྐུལ་སློང་གང་ལེགས་བྱ་དགོས།  སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། སྡེ་བའི(སྡེ་ཁུལ)ཐོན་ཁུངས་ཀྱི་དགེ་མཚན་ལ་གཞི་ཚུགས་ཏེ། ཅང་སུའུ་སྔོན་ཐོན་གྱི་ཀུང་ཟིའི་བདག་སྐྱོང་བྱེད་སྟངས་དང་ཐོན་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་དེ་ཅན་བཅུའི་ཏང་འཛུགས་ཁྲོད་འདྲེས་པར་བྱེད་པ་དང་། ཐོན་སྐྱེད་འཕེལ་རྒྱས་ཀྱི་ཚན་ཆུང་ལ་བརྟེན་ནས། སྡེ་བ་རིམ་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཀུང་ཟི་ཚད་ལྡན་ངང་བདག་སྐྱོང་དང་བེད་མེད་ཐོན་ཁུངས་བཀོད་སྤྱོད་ལེགས་པོ་བྱེད་པ། གསར་དུ་སྒྲིག་སྦྱོར་བྱས་པའི་ཞིང་ལས་འཕྲུལ་ཆས་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ། ཐུན་མོང་རྒྱུ་ནོར་གྱི་རིན་ཐང་བརྟན་སྲུང་དང་གནས་ཐང་འཕར་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། ཉམས་ཞན་སྡེ་བ་སྟོབས་ཆེར་གཏོང་བར་དམིགས་ནས་ཁེ་ལས་ཀྱིས་སྡེ་བ་དང་མཉམ་འབྲེལ་འཛུགས་སྐྲུན་བྱེད་སྟངས་ཁྱབ་གདལ་དུ་བཏང་ནས། ཚོགས་པ་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས་སྡེ་བ་རིམ་པའི་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། དམངས་ཕྱུག་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས། ཁོར་ཡུག་བཅོས་སྐྱོང་དམ་འཛིན་བྱས་ཏེ། ཁྱོན་ཡོངས་ནས་རོང་འབྲོག་ཁུལ་དང་གཞུང་ལམ་རྒྱུད། མཛེས་ལྗོངས་ཁུལ། ར་སྐོར་དང་སྲང་ལམ་སོགས་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། དུས་རྒྱུན་གྱི་གཙང་སྦྲ་དང་རྒྱུན་རྣམ་ཅན་གྱི་དོ་དམ་སྲུང་སྐྱོང་། དྲང་ཕྱོགས་ཀྱི་བསྔགས་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མང་ཚོགས་མི་སྒེར་དང་རང་ཁྱིམ་གཙང་སྦྲ་ནས་མགོ་བརྩམས་ཏེ། གཙང་སྦྲའི་གོམས་གཤིས་བཟང་པོ་ཆགས་སུ་འཇུག་པར་ཁྲིད་སྟོན་བཅས་བྱས་ནས། གཙང་ཞིང་མཛེས་སྡུག་ལྡན་པ་དང་། སྡོད་གནས་ལ་འཚམ་པའི་སྡེ་བའི་ཁོར་ཡུག་བསྐྲུན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་། ཚོར་སྣང་། གཟི་བརྗིད་ཚོར་སྣང་བཅས་མཐོ་རུ་བཏང་སྟེ། རོང་འབྲོག་ཁུལ་གྱི་གཙང་ཞིང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པར་ནུས་ཤུགས་ཡོད་རྒུས་གསར་སྐྲུན་བྱ་དགོས། དཔེ་སྟོན་སྣེ་ཁྲིད་དམ་འཛིན་དང་སྔོན་ཐོན་སྡེ་བའི(སྡེ་ཁུལ)དཔེ་སྟོན་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྔོན་ཐོན་གྱིས་རྗེས་ལུས་ལ་སྐུལ་ཁྲིད་དང་། རྒྱུན་རྣམ་ཅན་གྱིས་ཡུལ་དངོས་ལྟ་སྦྱོང་དང་ཉམས་མྱོང་སྤེལ་རེས། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་བྱས་ཏེ། ཚད་གཞི་ལ་བརྟེན་ནས་ས་ཁོངས་ཧྲིལ་པོའི་སྤུས་ཚད་མཐོར་འདེགས་ཡོང་བར་སྐུལ་ཁྲིད་དང་། ཏང་འཛུགས་བྱ་བ་ཧྲིལ་བོར་རིམ་སྤོར་དང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བྱ་དགོས་ཞེས་ནན་གྱིས་བསྟན།

ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་བློ་མཐུན་ཏེང་ཧྲེང་ཕེང་ཚོགས་འདུར་ཞུགས། རྫོང་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཤང་དང་གྲོང་བརྡལ་གྱི་ཏང་ཨུའི་ཧྲུའུ་ཅི་བཅས་དང་། སྐོར་ཁག་དང་པོའི་ཅང་སུའུ་རུ་སློབ་སྦྱོང་བྱེད་དུ་སོང་བའི་རྫོང་རིམ་པའི་སྣེ་ཁྲིད་པ་དང་། ཤང(གྲོང་བརྡལ)དང་སྡེ་བའི(སྡེ་ཁུལ)སྣེ་ཁྲིད་ཧྲུའུ་ཅི་བཅས་ཚོགས་འདུར་ཞུགས་པ་རེད།།

热门新闻

热门图库

热门排行