ཁྲི་ཀ་རྫོང་གིས་གནས་སྤོར་ཁྱིམ་ཚང་ལ་གཏན་འཇགས་རྒྱུ་ནོར་དཔང་ཡིག་མེད་པའི་གནད་དོན་ཐག་གཅོད་བྱས།
གཏན་འཇགས་རྒྱུ་ནོར་དཔང་ཡིག་ནི་དམངས་ཚིས་དང་འབྲེལ་བ་དམ་ཟབ་ཡོད་ལ། ཁྲི་ཀ་རྫོང་འཕྲང་དམར་གཞིས་ཁུལ་གྱི་ཁྱིམ་ཚང440ལ་ལོ་མང་རིང་ཁེ་ལས་བར་གྱི་རྩོད་གཞིའི་རྐྱེན་གྱིས་གཏན་འཇགས་རྒྱུ་ནོར་དཔང་ཡིག་ལེན་མ་ཐུབ་པས་མང་ཚོགས་སེམས་ཀྱི་ཁུར་བོ་ཞིག་ཏུ་གྱུར་ཡོད། ད་ལོར་ཁྲི་ཀ་རྫོང་གིས་གནད་དོན་ལ་ཁ་གཏད་ནས་དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་ནས། དཔང་ཡིག་འགྲོ་ལུགས་སྒྲུབ་དཀའ་བའི་གནད་དོན་ཁྲིམས་ལྟར་ཐག་གཅོད་བྱས་ཏེ། ཡུན་རིང་ལ་རེ་སྒུག་བྱས་པའི་གཏན་འཇགས་རྒྱུ་ནོར་དཔང་ཡིག་མང་ཚོགས་ཀྱི་ལག་ཏུ་འབྱོར་བར་བྱས།
འཕྲང་དམར་གཞིས་ཁུལ་ནི་ཁྲི་ཀ་རྫོང་གི་གནས་སྤོར་མང་ཚོགས་བཀོད་སྒྲིག་སྡོད་ཁུལ་ཞིག་ཡིན་པ་དང་། 2018ལོར་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས། གསར་སྤེལ་ཁེ་ལས་དང་ཨར་ལས་བཟོ་གྲྭའི་བར་བུ་ལོན་བདག་དབང་གི་རྩོད་གཞི་བྱུང་ཡོད་པས། གཏན་འཇགས་རྒྱུ་ནོར་དཔང་ཡིག་དུས་ཡུན་རིང་པོར་མང་ཚོགས་ཀྱི་ལག་ཏུ་སྤྲོད་མ་ཐུབ་པ་རེད། ཁྱིམ་ཚང440ལ་སྡོད་ཁང་ཡོད་ཀྱང་དུས་ཡུན་རིང་བོར་རྒྱུ་ནོར་བདག་དབང་དཔང་ཡིག་ལག་ཏུ་མ་འབྱོར་བས་མང་ཚོགས་ཀྱི་སེམས་ཁྲལ་ཞིག་ཏུ་གྱུར་ཡོད།
ཁྱིམ་ཚང་རེ་རེས་དཔང་ཡིག་རེ་ཞུ་བྱས་པའི་གནས་ཚུལ་དངོས་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་ཞབས་ཞུ་སྒོ་ཁར་བསྐྱལ་ཆེད། ལས་བྱེད་མི་སྣ་སྡོད་དམངས་ཀྱི་ཁྱིམ་དུ་སོང་ནས་ཚང་མའི་དཔང་ཡིག་རེ་ཞུའི་དགོས་མཁོར་རྒྱུས་ལོན་གསལ་བོ་བྱས་ཏེ། སྡོད་དམངས་ཀྱི་ཆ་འཕྲིན་དང་བཀོད་སྒྲིག་གྲོས་མཐུན་ཡི་གེ་སོགས་ཐོག་མའི་ཡིག་ཆ་རེ་རེ་བཞིན་ཞིབ་བསྡུར་བྱས་ནས། གཏན་འཇགས་རྒྱུ་ནོར་དཔང་ཡིག་གི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འགྲེལ་བཤད་ཞིབ་ཕྲ་བྱས་ཤིང་། སྡོད་ཁུལ་དུ་རྒན་པ་ཅུང་མང་བ་དང་ཡིག་ཆ་མི་ཚང་བ། དཔང་ཡིག་གི་འགྲོ་ལུགས་སྒྲུབ་པའི་གོ་རིམ་ལ་ཆ་རྒྱུས་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ལས་བྱེད་མི་སྣས་ཡུལ་དངོས་སུ་ཡིག་ཆ་བསྡུ་བ་དང་ཐོ་འགོད་ལེགས་སྒྲིག་བྱེད་པ། དོགས་གནད་སེལ་བ་བཅས་བྱས་ཏེ། དམངས་ཕན་ཞབས་ཞུ་མང་ཚོགས་ཀྱི་གམ་དུ་བསྐྱལ་བ་རེད།
ཁྲི་ཀ་རྫོང་འཕྲང་དམར་གཞིས་ཁུལ་གྱི་སྡོད་དམངས་ཞུའུ་ཧྥུའུ་ཡིས་བཤད་རྒྱུར། ང་རང2019ལོར་སྡོད་ཁུལ་འདིར་གནས་སྤར་བ་ཡིན་ལ། ཡིན་ནའང་ཁང་བའི་བདག་དབང་དཔང་ཡིག་ལེན་མ་ཐུབ་པས་སེམས་བདེ་ལ་བབས་མ་མྱོང་། ད་ལོར་གཞི་ནས་ལག་ཏུ་འབྱོར་སོང་བས་ཁྱིམ་ཚང་གང་བོ་དགའ་སྤྲོ་ཚད་མེད་སྐྱེས་བཞིན་ཡོད། ད་ལྟ་ང་ཚོས་སེམས་བདེ་ལ་བབས་ཆོག ངས་ལྷག་བསམ་རྣམ་དག་གིས་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན་ཟེར།
དུས་མཚུངས་སུ། ཞབས་ཞུ་སྔར་ལས་ཇེ་ལེགས་སུ་གཏོང་ཆེད། ཁྲི་ཀ་རྫོང་གིས་གཅིག་གཏད་གཅིག་གི་རོགས་སྒྲུབ་ཞབས་ཞུ་ཁྱབ་གདལ་དུ་བཏང་ནས། བདག་སྤྲོད་མི་བྱེད་པ་དང་སྔོན་ལ་སྒྲུབ་པའི་ལམ་སྲོལ་དོན་འཁྱོལ་བྱས་ཡོད། མང་ཚོགས་ཁག་ཅིག་གིས་རྒྱུན་དུ་ཕྱི་རུ་ཞོར་ལས་བྱེད་ཀྱིན་ཡོད་པ་དང་། ཞིང་ལས་ལ་བྲེལ་བ་ཆེ་བའི་དུས་སུ་ལས་ཀ་ལས་ཁོམ་མེད་པར་གཞིགས་ནས། ས་གནས་དེ་གས་ད་དུང་དུས་ཚོད་ནར་འགྱངས་ཀྱི་ཞབས་ཞུ་དང་དཔང་ཡིག་སྤྲོད་པ་སོགས་ཀྱི་བྱེད་ཐབས་བཏོན་ཏེ། ཞབས་ཞུ་ལེགས་སྒྲུབ་དང་དཔང་ཡིག་སྒྲུབ་རྒྱུར་འགོག་རྐྱེན་མེད་པར་བྱས། ལས་བྱེད་མི་སྣས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་སྒྲུབ་ཐད་སྟབས་བདེ་ལེགས་པོ་བསྐྲུན་ཡོད།
ཁྲི་ཀ་རྫོང་གཏན་འཇགས་རྒྱུ་ནོར་དཔང་ཡིག་ཐོ་འགོད་ཞབས་ཞུའི་ས་ཚིགས་ཀྱི་ལས་བྱེད་མི་སྣ་ཐན་ཞའོ་ཞཱ་ཡིས་བཤད་རྒྱུར། ང་ཚོས་གཏན་འཇགས་རྒྱུ་ནོར་དཔང་ཡིག་སྒྲུབ་པའི་བྱ་བར་དམིགས་ནས། ལས་སྒྲུབ་བརྒྱུད་རིམ་ཁྱོན་ཡོངས་ནས་ལེགས་སྒྲིག་དང་ཇེ་ལེགས་སུ་བཏང་བ་དང་། ལས་སྒྲུབ་གོ་རིམ་ཇེ་ཉུང་དང་ལས་སྒྲུབ་དུས་ཚད་ཇེ་ཐུང་དུ་གཏོང་བ། དགོས་མེད་རེ་ཞུའི་དཔྱད་ཡིག་སྣ་ཚོགས་མེད་པར་བཟོས་པ་དང་། འགྲོ་ལུགས་སྒྲུབ་པར་ཐེངས་གཅིག་རང་བཞིན་གྱི་གསལ་བཤད་ཡི་གེ་བཟོས་ནས་དགོས་མཁོ་ཡོད་པའི་དཔྱད་ཡིག་དང་། སྒྲུབ་རིམ་དང་དེ་བཞིན་དོ་སྣང་བྱེད་དགོས་པའི་དོན་ཚན་བཅས་ཁ་གསལ་བྱས་པ་དང་། དེ་མིན་སྒྲུབ་རིམ་ཡོངས་བསྒྲགས་དང་གསལ་བོར་བཟོས་ཡོད། འགྲོ་ལུགས་སྒྲུབ་པར་ཡོང་བའི་མང་ཚོགས་ལ་ང་ཚོས་སྲིད་ཇུས་གསལ་འགྲེལ་ཞིབ་མོ་བྱེད་པ་དང་། དོགས་གནད་སེལ་བ། ཞབས་ཞུ་ལེགས་པོ་བཅས་མཁོ་འདོན་བྱས་ཏེ། མང་ཚོགས་ཀྱིས་འགྲོ་ལུགས་སྒྲུབ་པར་སྟབས་བདེ་གང་ལེགས་བསྐྲུན་ཡོད་ཟེར།
མིག་སྔའི་བར། འཕྲང་དམར་གཞིས་ཁུལ་གྱི་ཁྱིམ་ཚང440ལ་གཏན་འཇགས་རྒྱུ་ནོར་དཔང་ཡིག་འབྱོར་བས། དཔང་ཡིག་ལེན་དཀའ་བའི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་ཡོད། གཏན་འཇགས་རྒྱུ་ནོར་དཔང་ཡིག་དེས་མང་ཚོགས་ཀྱི་བདེ་སྡོད་ལ་ཕན་བདེ་བསྐྲུན་པས། གནས་སྤོར་མང་ཚོགས་ཀྱིས་བློ་བདེ་པོའི་ངང་འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་པ་བྱུང་ཡོད།