གུང་ཧོས་བྱེ་འགོག་བྱེ་བཅོས་ལ་བརྟེན་ནས་སྐྱེ་ཁམས་ལེགས་པར་སྲུང་བ།
སྔོན་ཆད་བྱེ་རླུང་གི་རྒོལ་བ་བཙན་ནའང་། དེང་སྐབས་ལྗང་མདོག་གི་རྣམ་པས་ཁེངས་འདུག ལོ་ངོ་དྲུག་ཅུ་ལྷག་ཙམ་རིང་དུ། མཚོ་ལྷོ་ཁུལ་གུང་ཧོ་རྫོང་ས་གྲུ་བཞི་ཤང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་བྱེ་བཅོས་བྱེད་པ་དང་། མི་རབས་ནས་མི་རབས་བར་རྒྱུན་མཐུད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བཅོས་སྐྱོང་གི་བྱེད་ཐབས་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་། བྱེ་སྐྱེསསོན་རྒྱུའི་ཐོན་ཁུངས་གསོ་སྐྱོང་བྱས་ནས། མྱ་ངམ་ཐང་དེ་ལྗང་མདོག་ཏུ་སྒྱུར་ནས་མི་སེམས་འགུལ་བའི་མཐོ་སྒང་ལ་བྱེ་བཅོས་ཀྱི་གཏམ་རྒྱུད་ཅིག་བྲིས་ཡོད།
དབྱར་ཟླ་ལྔ་པར་གསར་འགོད་པ་དེ་སྔའི་བྱེ་རླུང་གི་རྒོལ་བ་བཙན་པའི་ས་གྲུ་བཞི་ཤང་དུ་སོང་བ་ན། མིག་ལམ་དུ་སྔོ་ལྗང་གིས་རྣམ་པས་ཁེངས་ཡོང་། གྲུ་བཞི་སྡེ་བའི་རྒན་པ་བུན་ཁྲང་ཚེ་རིང་གིས་གསར་འགོད་པ་ཁོས་སྔོན་ཆད་སྡོང་འཛུགས་ནགས་སྐྲུན་བྱས་མྱོང་པའི་ཡུལ་དེར་ཁྲིད་དེ། གྲལ་བསྒྲིགས་ཞིང་སྐྱེ་སྟོབས་འབར་བའི་སྦྱར་དཀར་དག་མིག་ལམ་དུ་མངོན་དུས། སྔོན་ཆད་སྡོང་འཛུགས་ནགས་སྐྲུན་གྱི་ལོ་ཟླ་དེ་དག་ཡིད་ལ་ཝ་ལེར་དྲན་བྱུང་།
གུང་ཧོ་རྫོང་ས་གྲུ་བཞི་ཤང་གྲུ་བཞི་སྡེ་བའི་སྡེ་མི་བུན་ཁྲང་ཚེ་རིང་གིས་བཤད་རྒྱུར། ང་རང་སྡེ་བ་འདི་རུ་སྐྱེས་པ་ཡིན་ལ། ལོ་བཅུ་དྲུག་བཅུ་བདུན་ལ་ལོན་རག་བར་དུ་བྱེ་རླུང་གི་རྒོལ་བ་ཧ་ཅང་བཙན་ཞིང་། ར་སྐོར་ནང་དུའང་བྱེ་མས་མནན་ཡོང་ལ། ལོ་ཏོག་ཀྱང་ཐེངས་གཉིས་གསུམ་ཙམ་ལ་འདེབས་དགོས། རྗེས་ནས་ང་ལོ་བཅུ་བདུན་བཅོ་བརྒྱད་ལ་བུད་པ་ནས་ང་ཚོས་སྡོང་བོ་འཛུགས་མགོ་བརྩམས་པ་ཡིན་ཏེ། ད་ལྟ་ང་ཚོའི་མིག་མདུན་གྱི་སྡོང་བོ་འདི་དག་རེད། སྡོང་བོར་སྐྱེ་སྟོབས་རྒྱས་པས་ར་སྐོར་ནང་དུ་བྱེ་མ་མི་ཡོང་ལ། ལོ་ཏོག་ཀྱང་ཐེངས་གཉིས་གསུམ་ཙམ་འདེབས་དགོས་ཀྱིན་མེད། བྱེ་འགོག་བྱེ་བཅོས་ལ་གྲུབ་འབྲས་བཟང་པོ་བླངས་ཡོད། ད་ལྟ་ང་ཚོ་རྒས་འཁོགས་སུ་གྱུར་ཡོད་མོད། འོན་ཀྱང་སྡོང་བོ་འཛུགས་པའི་སྤྲོ་སེམས་ད་དུང་ཡོད་པ་ཡིན། ངས་ད་དུང་མི་རབས་རྗེས་མར་སྡོང་བོ་འཛུགས་རྒྱུ་རྒྱུན་འཁྱོངས་བྱ་དགོས་ཞེས་སྐུལ་སློང་ཞེས་པ་ཡིན་ཟེར།
ཀྲིན་ཡུང་ཁྲའོ་ཡིས་བཤད་རྒྱུར། སྔོན་ཆད་བཙུགས་པའི་སྡོང་བོ་དག་གི་སྐྱེ་སྟོབས་ད་ལྟ་ད་དུང་ཧ་ཅང་བཟང་གི བུན་ཁྲང་ཚེ་རིང་གིས་སྡོང་ཕྲུག་དེ་དག་སྟོང་འཁོར་དང་ཧུང་ཀྲུང་ནས་དྲུད་ཡོང་བ་ཡིན་ལ། འདེབས་འཛུགས་བྱས་ནས་སྐྱེ་སྟོབས་བཟང་། ལོ་ངོ་དྲུག་ཅུ་ལྷག་རིང་གི་གསོ་སྐྱོང་ལ་བརྟེན་ནས་ད་ལྟ་ནགས་ཚལ་ལྟ་བུ་ཞིག་ཆགས་ཡོད། དེང་སྐབས་རླུང་གཡུག་ནའང་བྱེ་མ་འགོག་ཐུབ་ཟེར།
སྡོང་བོར་གསོན་ཤུགས་རྒྱས་དགོས་ན་ཤེད་ཤུགས་ཁོ་ནར་བརྟེན་ནས་མི་ཆོག་པར་ད་དུང་བྱེད་ཐབས་ལའང་བརྟེན་དགོས་པ་རེད། ས་གྲུ་བཞི་ཤང་གི་ཞིང་ཆེན་རིམ་པའི་བྱེ་བཅོས་ཚོད་ལྟའི་ས་ཚིགས་ཀྱིས་ལོ་དྲུག་ཅུ་ལྷག་ལ་བྱ་བ་སྣ་གཅིག་ལེགས་པར་བསྒྲུབས་ཏེ་ཕན་ནུས་ལྡན་པའི་བྱེ་བཅོས་བྱེད་ཐབས་དང་ཐབས་ལམ་འཚོལ་ཞིབ་བྱས། སྔ་དུས་ཀྱི་གྲོ་རྩྭའི་དྲ་མིག་རང་བཞིན་གྱི་འགོག་ར་སོགས་མི་ཤུགས་ཀྱི་རྩོལ་བ་ལ་བརྟེན་པ་ནས་ད་ལྟའི་རྩྭ་ཆུ་ཟུང་འབྲེལ་གྱི་སྐྱེ་དངོས་བྱེ་བཅོས་བྱེད་སྟངས་བར། ས་གྲུ་བཞིའི་བྱེ་འགྱུར་ཅན་གྱི་སའི་རྒྱ་ཁྱོན་གྱི་བསྡུར་ཚད་དེ1956ལོའི་90.28%ནས་ད་ལྟ12.3%བར་མར་ཆག་སྟེ། སྔོན་ཆད་ཀྱི་བྱེ་གཞུང་དེ་རུ་ད་ལྟར་ལྗང་མདོག་གི་གསོན་ཤུགས་འབར་བའི་སྐྱེ་ཁམས་ཀྱི་དཔེ་རིས་ཤིག་ཆགས་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་བྱེ་བཅོས་ཚོད་ལྟའི་ས་ཚིགས་ཀྱི་ལག་རྩལ་པ་ཀྲའོ་ཐེན་ཡུའེ་ཡིས་བཤད་རྒྱུར། སྡོང་ཕྲུག་དེ་དག་སྡོང་བོ་ཉུང་སའི་ས་ཁུལ་དུ་བཙུགས་ནས་མུ་མཐུད་དུ་གསོ་སྐྱོང་བྱས་པ་ཡིན། འདི་དག་ནི་ང་ཚོས་ན་ནིང་བཙུགས་པའི་གཡེར་སྡོང་ཡིན་ལ། ཆུ་མང་པོ་གཏོང་བའི་ཐབས་འདི་བཀོལ་ནས་འདེབས་འཛུགས་བྱས་པས་ལེགས་འགྲུབ་ཆེན་པོ་བྱུང་ཡོད། ད་ལྟ་སྐྱེ་རྒྱ་ཅུང་མཐོ་བའི་སྡོང་ཕྲུག་ལ་ཕལ་ཆེར་ལི་སྨི་བཞི་བཅུར་ཉེ་བ་ཡོད་ལ། ཅུང་དམའ་བ་དེར་ཡང་ཕལ་ཆེར་ལི་སྨི་ཉི་ཤུ་ནས་སུམ་ཅུ་ཡས་མས་ཡོད། མཚོ་ལྷོའི་ས་ཁུལ་འདི་ལ་མཚོན་ནས་བཤད་ན། གཡེར་སྡོང་འདེབས་འཛུགས་བྱེད་པ་ཅུང་ཉུང་སྟེ། ང་ཚོའི་ས་ཆ་འདི་ནི་འདེབས་འཛུགས་ས་གནས་ཐོག་མ་ཡིན་ཟེར།
བྱེད་ཐབས་གསར་བ་ཞིག་ལེགས་འགྲུབ་བྱུང་བ་དེས་བྱེ་བཅོས་ལ་རེ་བ་གསར་བ་ཞིག་བསྣན་ཡོད་པ་མཚོན་མོད། འོན་ཀྱང་རེ་བ་ཡོད་ཚད་ས་བོན་ལས་སྨིན་ཡོང་། 2025ལོར་བྱེ་བཅོས་ཚོད་ལྟའི་ས་ཚིགས་ཀྱིས་མཚོ་ལྷོ་ཁུལ་མཚོ་བོད་མཐོ་སྒང་བྱེ་སྐྱེས་རྒྱལ་ཁབ་ནགས་ཤིང་སོན་རྒྱུའི་ཐོན་ཁུངས་མཛོད་བསྐྲུན་པ་དང་། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་སོན་རྒྱུའི་ཐོན་ཁུངས་རྒྱལ་ཁབ་ཀྱི་མཛོད་བཞི་པ་ཡིན་ལ། རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་གྲང་ངར་ཆེ་བའི་མྱ་ངམ་ཐང་ཁུལ་གྱི་བྱེ་སྐྱེས་རྒྱལ་ཁབ་ནགས་ཤིང་སོན་རྒྱུའི་ཐོན་ཁུངས་མཛོད་དང་པོའང་ཡིན།
མཚོ་སྔོན་ཞིང་ཆེན་བྱེ་བཅོས་ཚོད་ལྟའི་ས་ཚིགས་ཀྱི་ལག་རྩལ་པ་ཀྲའོ་ཐེན་ཡུའེ་ཡིས་བཤད་རྒྱུར། ང་ཚོའི་སོན་རྒྱུའི་ཐོན་ཁུངས་མཛོད་འདི་འཛུགས་སྐྲུན་བྱས་པར་ད་དུང་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ལ། ང་ཚོ་མཚོ་བོད་མཐོ་སྒང་དུ་གནས་ཤིང་། གུང་ཧོ་གཤོང་ས་འདིར་གྲང་ངར་ཆེ་ཞིང་ཐན་པ་ཆེ་བའི་རང་བྱུང་ཐོན་ཁུངས་ཀྱི་དགེ་མཚན་ལྡན་པས། སོན་རྒྱུའི་ཐོན་ཁུངས་འདིའི་རིགས་འཚོལ་བསྡུ་བྱས་ན་བྱེ་སྐྱེས་སོན་རིགས་ཉར་ཚགས་དང་གསོ་སྤེལ་བྱེད་པར་ཕན་ཐོགས་ཡོད་པ་མ་ཟད། ད་དུང་གྲང་འགོག་དང་ཐན་འགོག་གི་ངོ་བོ་ཅན་གྱི་འདེམས་གསོ་ལའང་ཕན་ཐོགས་ཡོད། ང་ཚོས་རྒྱུད་སྤེལ་བྱས་རྗེས་གྲང་ངར་དང་ཐན་པ་ཐུབ་པའི་སོན་རིགས་སྔར་ལས་མང་པོ་འཚོལ་བསྡུ་ཐུབ་པ་དང་། དེའི་རྗེས་སུ་ང་ཚོའི་བྱེ་སྐྱེས་ཀྱི་རིགས་ཇེ་ལེགས་སུ་བཏང་སྟེ། བྱེ་ཁུལ་མྱ་ངམ་ཐང་དུ་འགྱུར་བའི་བཅོས་སྐྱོང་ལ་སྐྱེ་དངོས་ཀྱི་རིགས་ཇེ་མང་དུ་བཏང་ཡོད་ཟེར།
ས་གྲུ་བཞིའི་བྱེ་བཅོས་ལྗང་སྒྱུར་གྱི་རྣམ་པ་ཇེ་ལེགས་སུ་ཕྱིན་ཡོད་དེ། བྱེ་མའི་འཇིག་རྟེན་ནས་ལྗང་སྒྱུར་གྱི་ཁོར་ཡུག་བར། ས་གྲུ་བཞིས་མཐོ་སྒང་གི་བྱེ་བཅོས་ལ་གྲུབ་འབྲས་ཆེན་པོ་བླངས་ཡོད་ལ། བྱེ་བཅོས་ཀྱི་སྙིང་སྟོབས་དེ་མི་རབས་ནས་མི་རབས་བར་རྒྱུན་འཁྱོངས་བྱེད་བཞིན་ཡོད།