གནད་བསྡུས། 详情

ལི་ཆང་གིས་ཀྲེ་ཅང་ཀྲོའུ་ཧྲན་ཉིང་པའོ་རུ་རྟོག་ཞིབ་གནང་བ།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ5པའི་ཚེས25ཉིན་ནས་ཚེས27ཉིན་བར་ཀྲེ་ཅང་ཞིང་ཆེན་ཀྲོའུ་ཧྲན་གྲོང་ཁྱེར་དང་ཉིང་པོ་གྲོང་ཁྱེར་དུ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཆེན་པོའི་གསོག་འཇོག་མ་ལག་འཛུགས་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་དང་། སྤྱི་ཚོགས་ཀྱིས་མཉམ་སྐྲུན། སྣ་མང་གསབ་རེས་བཅས་རྒྱུན་འཁྱོངས་བྱས་ཏེ། ཚོང་ཟོག་ཆེ་རིགས་དང་དངོས་ཟོག་གལ་ཆེན་གྲབས་གསོག་སྙོམས་སྒྲིག་ཡག་པོ་བྱས་ནས། འཐབ་ཇུས་ཀྱི་འགན་སྲུང་དང་། སྤྱི་ཁོག་སྙོམས་སྒྲིག ཁ་གཏད་འཇལ་བ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་གི་མཉེན་ཆ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། ཐོན་འབོར་ཆེ་བའི་ཚོང་ཟོག་གི་ཐོན་ཁུངས་བཀོད་སྒྲིག་ལྟེ་གནས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་གཅིག་གྱུར་གྱིས་འཕེལ་རྒྱས་དང་བདེ་འཇགས་ཡོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས།

   ཟླ5པའི་ཚེས25ཉིན་ནས་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཀྲེ་ཅང་ཞིང་ཆེན་ཀྲོའུ་ཧྲན་གྲོང་ཁྱེར་དང་ཉིང་པོ་གྲོང་ཁྱེར་དུ་རྟོག་ཞིབ་གནང་། པར་འདི་ནིཟླ5པའི་ཚེས26ཉིན། ལི་ཆང་གིས་ཀྲོའུ་ཧྲན་རྒྱལ་ཁབ་རྡོ་སྣུམ་གསོག་འཇོག་རྟེན་གཞིའི་རྡོ་སྣུམ་གསོག་འཇོག་གི་བྱ་བའི་སྙན་ཞུར་གསན་པ་དང་། ལས་གཞི་འཛུགས་སྐྲུན་དང་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་གནང་བཞིན་པའི་ཚུལ་རེད།

   ལི་ཆང་ཀྲོའུ་ཧྲན་རྒྱལ་ཁབ་རྡོ་སྣུམ་གསོག་འཇོག་རྟེན་གཞི་དང་། ཞིང་ལས་ཐོན་རྫས་འབོར་ཆེན་གསོག་ཉར་སྐྱེལ་འདྲེན་རྟེན་གཞི། ཉིང་པོ་ཏ་ཞེ་ཚོང་ལས་རྡོ་སྣུམ་གསོག་འཇོག་རྣམ་གྲངས་བཅས་སུ་ཕེབས་ཏེ། རྡོ་སྣུམ་དང་འབྲུ་རིགས་སོགས་གསོག་འཇོག་བྱ་བའི་སྙན་ཞུར་གསན་ནས་ལས་གཞི་འཛུགས་སྐྲུན་དང་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་གནང་། ལི་ཆང་གིས་བསྟན་དོན། ཕྱིའི་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་འགྲན་སློང་ལ་ཁ་གཏད་དེ། “ལག་ཏུ་འབྲུ་རིགས་ཡོད་ན་སེམས་སུ་དངངས་སྐྲག་མེད།” ཚོང་ཟོག་འབོར་ཆེན་དང་དངོས་ཟོག་གལ་ཆེན་གྲབས་གསོག་ཡག་པོ་བྱེད་པར་དོན་སྙིང་གལ་ཆེན་ལྡན་པས། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་། བྱེད་པོའི་ནུས་པ་སྣ་མང་འདོན་སྤེལ་གང་ལེགས་བྱེད་པ། རིགས་ཁག་གི་གྲབས་གསོག་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲབས་གསོག་ཤོང་ཚད་སྔར་བས་ཆེ་རུ་གཏོང་དགོས། ཚན་ཞིབ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས། གསོག་འཇོག་དང་དོ་དམ་ལག་རྩལ་གསར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་ཇེ་མཐོ་རུ་གཏོང་དགོས། སྒྲིག་སྲོལ་དང་རྐྱེན་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ། འཐབ་ཇུས་གསོག་འཇོག་དང་ཚོང་ལས་གསོག་འཇོག་སོགས་མཐུན་སྦྱོར་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། རེས་སྐོར་བཀོལ་སྤྱོད་དང་ཚོང་རའི་སྙོམ་སྒྲིག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཀྲེ་ཅང་རྒྱལ་སྤྱིའི་ཚོང་ཟོག་འབོར་ཆེན་ཉོ་ཚོང་ལྟེ་གནས་སུ། ལི་ཆང་གིས་ཚོང་ཟོག་འབོར་ཆེན་གྱི་ཐོན་ཁུངས་བཀོད་སྒྲིག་ལྟེ་གནས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་རྒྱུས་ལོན་གནང་བ་དང་། ཉོ་ཚོང་གི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཚོང་ཟོག་འབོར་ཆེན་འདུས་གྲུབ་ཞབས་ཞུའི་ལས་སྟེགས་གཏོད་དགོས་ལ། རིགས་སྣ་མང་བ་དང་། མུ་ཕྲེང་ཡོངས་ཀྱི་ཉོ་འཚོང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། དུས་བཅད་ཚོང་ཟོག་གི་ལག་ཡོད་ཚོང་ཟོག་མཉམ་འགུལ་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས། ཚོང་ཟོག་འབོར་ཆེན་གྱི་རིན་གོང་ཆགས་པའི་ནང་རྐྱེན་གྱིས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས།

   ཟླ5པའི་ཚེས25ཉིན་ནས་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཀྲེ་ཅང་ཞིང་ཆེན་ཀྲོའུ་ཧྲན་གྲོང་ཁྱེར་དང་ཉིང་པོ་གྲོང་ཁྱེར་དུ་རྟོག་ཞིབ་གནང་། པར་འདི་ནིཟླ5པའི་ཚེས26ཉིན། ལི་ཆང་གིས་ཡུང་ཀྲོའུ་ལྕགས་ལམ་ཅིན་ཐང་མཚོ་འོག་ཕུག་ལམ་གྱི་ཉིང་པོ་དུམ་བུའི་ཨར་ལས་ཡུལ་དངོས་ཀྱི་བྱ་བར་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད།

   ལི་ཆང་ཡུང་ཀྲོའུ་ལྕགས་ལམ་ཅིན་ཐང་མཚོ་འོག་ཕུག་ལམ་གྱི་ཉིང་པོ་དུམ་བུ་དང་། ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་མེ་ཧྲན་གྲུ་ཁའི་ས་ཁུལ་དུ་ཕེབས་ཏེ། ཀྲེ་ཅང་གི་འགྲིམ་འགྲུལ་ཟོང་འགྲུལ་མ་ལག་འཛུགས་སྐྲུན་གྱི་འཆར་འགོད་ལ་རྟོག་ཞིབ་གནང་བ་དང་། ཚོང་ཟོག་འབོར་ཆེན་སྐྱེལ་འདྲེན་ལས་སྣོན་གྱི་གནས་ཚུལ་རྒྱུས་ལོན་གནང་། ཕུག་ལམ་གྱི་ཨར་ལས་བྱ་ཡུལ་དུ། ལི་ཆང་གིས་རྐོ་འདྲུ་བྱ་བར་གཟིགས་ཞིབ་གནང་། ཁོང་གིས་བསྟན་དོན། ཅིན་ཐང་མཚོ་འོག་ཕུག་ལམ་གྱི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བས། ཚན་རིག་དང་མཐུན་པར་ཨར་ལས་དང་། ཉེན་མེད་ཨར་ལས། ལྗང་མདོག་ཨར་ལས་བཅས་རྒྱུན་འཁྱོངས་དང་། ལག་རྩལ་གསར་པ་དང་སྒྲིག་ཆས་གསར་པ་སོགས་བཀོལ་སྤྱོད་ཧུར་ཐག་བྱ་དགོས་ཏེ། སྤུས་ཚད་དོ་དམ་ཚོད་འཛིན་བྱ་རྒྱུ་དེ་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། ཞིབ་བཤེར་ཐེག་ཐུབ་པའི་སྤུས་ལེགས་བཟོ་སྐྲུན་གཏོད་དགོས། ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་མེ་ཧྲན་གྲུ་ཁའི་ས་ཁུལ་དུ། ལི་ཆང་གིས་དོས་སྒམ་འདོན་འཇུག་གི་མི་མེད་བྱ་བར་གཟིགས་པ་དང་གྲུ་གཟིངས་ལ་བསྡད་ནས་གཙོ་གནད་རྣམ་གྲངས་ཁག་གཅིག་ལ་གཟིགས་ཞིབ་གནང་། ཁོང་གིས་བསྟན་དོན། ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་ཕྱོགས་བསྡུས་ལེགས་ཆ་མངོན་གསལ་དོད་པ་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ཕན་འབྲས་ཆེན་པོ་ལྡན་པས། གྲུ་ཁའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ་དང་། རྣམ་པ་སྣ་མང་གི་སྐྱེལ་འདྲེན་འཕེལ་རྒྱས་གཏོང་དགོས་པ། རྒྱ་མཚོའི་གྲུ་ཁ་དང་། སྐམ་སའི་གྲུ་ཁ། མཁའ་འགྲུལ་གྲུ་ཁ། གྲངས་འཛིན་ཉོ་ཚོང་གྲུ་ཁ་བཅས“གྲུ་ཁ་བཞི་མཉམ་འགུལ”བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གྲངས་རིག་ཅན་གྱི་བསྒྱུར་བཀོད་རིམ་སྤར་ཇེ་མགྱོགས་སུ་གཏོང་དགོས་ལ། དམིགས་བསལ་དུས་མཚམས་ཀྱི་དམིགས་བསལ་ལམ་ཐིག་གི་དངོས་ཟོག་མི་མེད་རིག་ནུས་ཅན་གྱི་སྐྱེལ་འདྲེན་འཚོལ་ཞིབ་བྱེད་དགོས་ཏེ། འདོན་འཇུག་བྱེད་ནུས་རྒྱུན་མི་ཆད་པར་ཆེ་རུ་བཏང་ནས། གྲུ་ཁའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ་དང་། ཐོན་ལས་ཀྱི་མུ་ཕྲེང་སྣུར་སྲིང་སྐྱེད་སྲིང་བྱས་ནས། ཉིང་པོ་ཀྲོའུ་ཧྲན་གྲུ་ཁ་འདི་ཉིད་འཛམ་གླིང་ཐོག་གི་གྲུ་ཁ་སྟོབས་ཆེན་རྩེ་གྲ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། །


热门新闻

热门图库

热门排行