གཙོ་གནད།2 详情

ཁུལ་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས་པ།

རང་ཚགས་པར་གྱི་འཕྲིན། ཟླ5པའི་ཚེས27ཉིན། ཁུལ་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས་ཤིང་།ཚོགས་འདུ་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་སོགས་ཀྱི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། གནད་དོན་གྱི་ཞན་ཆར་དབྱེ་ཞིབ་དང་གཙོ་གནད་བྱ་བར་བཀོད་སྒྲིག་བྱེད་པ། ཁུལ་ཡོངས་ཀྱི་གོང་འོག་ཚང་མར་སྐུལ་སློང་བྱས་ཏེ། སྔར་ལས་ཆེ་བའི་སྟོབས་ཤུགས་དང་བྱ་ཐབས་དངོས་ལས་ཚོང་འགུག་དངུལ་འདྲེན་གྱི་བྱ་བར་སྐུལ་འདེད་བཏང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་ཀྱིས་ཚོགས་འདུར་མགོ་འཛིན་གནང་བ་རེད།

ཞུང་ཡོན་ལའེ་ཡིས་ད་ལོ་ནི་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་རྩོམ་པའི་ལོ་ཡིན་ལ། གནས་བབ་གསར་པ་ཁོང་དུ་ཆུད་པར་བྱས་ནས། རྒྱལ་ཡོངས་ཀྱི་ངོས་ནས་མཚོ་ལྷོར་བལྟ་བ། བྱེད་རིན་ཡོད་མེད་ལ་བལྟ་བ་རྒྱུན་འཁྱོངས་དང་། སྲུང་སྐྱོང་དང་འཕེལ་རྒྱས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ཁྲོད་རང་འགུལ་ངང་མཉམ་འདྲེས་དང་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ཚོང་འགུག་དངུལ་འདྲེན་ལ་ཤུགས་སྣོན་རྒྱུ་དེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཐོན་ཁུངས་ཀྱི་དགེ་མཚན་དང་། བསྡུར་གཞི་ཡོད་པའི་དགེ་མཚན། སྒོ་འབྱེད་རྒྱ་སྐྱེད་ཆེ་རུ་གཏོང་བ། མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ངོ་བོ་གསར་པའི་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་ཚོང་འགུག་དངུལ་འདྲེན་གྱིས་ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཞུང་ཡོན་ལའེ་ཡིས་བྱ་བའི་ཁྱབ་ཁོངས་གཙོ་བོར་དམིགས་ནས། ཐོན་ལས་ཀྱི་ད་ལྟའི་གནས་བབ་དང་ཞན་ཆ། ཐོན་ཁུངས་གསོག་ཉར། རྒྱུ་རྐྱེན་གཙོ་བོ་བཅས་ཀྱི་གྲངས་འབོར་གསལ་རྟོགས་བྱས་ཏེ། ཐོན་ལས་ཀྱི་དཔེ་རིས་དང་། རྒྱུ་རྐྱེན་གཙོ་བོའི་རྩིས་ཐོ། ལས་གཞི་བཅས་ཀྱི་རྩིས་ཐོ་གསུམ་བཟོས་ཏེ། ལན་འདེབས་ཐུབ་པ་དང་།གསལ་བཤད་ཐུབ་པ། དང་ལེན་ཐུབ་པ་བཅས་བྱ་དགོས། ཐོན་ལས་མཉམ་འདྲེས་ཡག་པོ་བྱེད་པ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྦྲེལ་ཐག་སྟོབས་ཆེར་གཏོང་བ། དྲ་བ་གཅིག་ཚགས་དམ་པ་དང་ནུས་ཁུངས་གཙང་མ་དང་། ལྗང་མདོག་རྩིས་ཤུགས། ཁྱད་ལྡན་ཞིང་ཕྱུགས། རིག་གནས་ཡུལ་སྐོར་ཁམས་གསོ་སོགས་གོང་འོག་ཐོན་ལས་ལ་དམ་པོར་དམིགས་ཏེ།ཐོན་སྐྱེད་དང་ལས་སྣོན། སྦྲེལ་མཐུད་སོགས་ལ་སྐུལ་འདེད་གཏོང་དགོས། ཁུལ་དང་རྫོང་མཉམ་འགུལ་དང་། སྡེ་ཁག་མཉམ་ལས།ཅང་སུའུ་དང་མཚོ་སྔོན་མཉམ་ལས་བཅས་ལ་ཤུགས་བསྣན་ནས། ཁེ་ལས་གཙོ་བོས་སྣེ་ཁྲིད་དང་། ཆ་སྡེབ་ཁེ་ལས་གཅིག་སྡུད། ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་འདྲེས་ངང་འཕེལ་རྒྱས་སུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་སྟེ། འབྲེལ་མཐུད་དྲ་བ་དང་ཚོགས་སྤྱི། གཉིས་ཁེ་མཉམ་ཕན་ཡོང་བ་བཅས་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་བཅོས་དང་། ཞབས་ཞུ་སྤུས་ལེགས་འགན་སྲུང་ཡག་པོ་བྱེད་པ། བསམ་བློ་གཅིག་མཐུན་ཡོང་བ་མཐའ་འཁྱོངས་བྱས་ཏེ། མཚོ་ལྷོའི་དགེ་མཚན་ལ་གཞི་ཚུགས་ནས།རྒྱུ་རྐྱེན་གཙོ་བོ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་འབྲེལ་གྱི་ཞིབ་བཤེར་ཆོག་མཆན་འགོད་ཤུགས་ཆེ་རུ་བཏང་ནས་ཞབས་ཞུ་ལེགས་པོ་སྒྲུབ་པ། ཏང་སྲིད་སྡེ་ཁག་གི་གཙོ་འགན་འཁུར་མཁན་དངོས་སུ་ཚོང་འགུག་དང་ལས་གཞིའི་འདྲི་རྩད། གནད་དོན་ཐག་གཅོད་བཅས་ཀྱི་ཁྲོད་ཞུགས་ནས། དུས་བཀག་ལྟར་རྩད་འདྲི་དང་།ཕན་ཚུན་གཉིས་ཕན།ཁོར་ཡུག་བཟང་པོ་སྐྲུན་པ་བཅས་བྱ་དགོས། བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དོན་འཁྱོལ་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་བ། བཀག་སྡོམ་གཅིག་ཆགས་པར་བྱེད་པ། གཅིག་གྱུར་འཆར་འགོད་གྲོས་མོལ་དང་། ལས་གཞི་ཞིབ་གཅོད། དུས་བཀག་ལྟར་བཀོད་གཏོང་། ལྟ་སྐུལ་སྤྱི་འདོམས་དོན་འཁྱོལ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཆེད་དོན་ལས་སྒྲུབ་ཚན་ཁག་གསར་འཛུགས་དང་ཇེ་ལེགས་སུ་གཏོང་བ། སྡེ་ཁག་སོ་སོའི་འགན་འཁྲི་དང་ལས་སྒྲུབ་བརྒྱུད་རིམ་ཁ་གསལ་བཟོ་བ། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་ཚོང་འགུག་དངུལ་འདྲེན་གྱི་བྱ་བར་སྐུལ་འདེད་གཏོང་བ་དང་། ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས་ཞེས་ནན་གྱིས་བསྟན།

དོན་གྲུབ་ཀྱིས་མགོ་འཛིན་གནང་སྐབས་བསྟན་དོན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་སྟེ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། འགན་འཁྲི་ནན་མོ་བྱས་ནས་ཚོང་འགུག་དམ་འཛིན་བྱེད་པ་དང་། གནད་འཁེལ་གཅིག་སྡུད་དང་ཁ་ཕྱོགས་གསལ་བོ་བཟོས་ནས་ཚོང་འགུག་ལ་སྐུལ་འདེད་གཏོང་བ། མཐུན་སྦྱོར་མཉམ་འགུལ་གྱིས་ཚོང་འགུག་བྱ་བ་ལེགས་པོར་སྒྲུབ་པ་དང་། དངོས་འཛིན་དངོས་སྒྲུབ་དང་སྤྱོད་ཚུལ་ཇེ་ལེགས་སུ་བཏང་ནས་ཚོང་འགུག་བྱ་བ་དམ་འཛིན་སྒོས་ཁུལ་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

ཚོགས་འདུ་ལས་ཁུལ་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་གྱི་བྱ་བ་སྤེལ་ཚུལ་བརྡ་ཁྱབ་བཏང་བ་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་བསམ་ཚུལ་བརྗེ་རེས་བྱས་པ་རེད།ཁུལ་གྱི་མགོ་ཁྲིད་པ་ཏའེ་མེན་ཅེ་དང་ཀའོ་ཡུང་ཧུང་། ལིའུ་ཡན། ཝང་ཧྥེང་། ཏེང་ཧྲེང་ཕེང་། ཀྲང་ཏུ་ཞན། ལི་ཝེ། ཀེང་ཧྲེང་ཁྲེང་། ལི་གོ་ཞུང་། ཁྲེ་ཞང་ཞན། ཀྲའོ་ཧུང་ཚའེ། ལི་གོ་ཧྲེང་བཅས་ཚོགས་འདུར་ཞུགས་པ་དང་། ཁུལ་ཨུའི་འབྲེལ་ཡོད་པུའུ་ཨུ་དང་། ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས། རྫོང་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་སོགས་ཚོགས་འདུར་ཞུགས་པ་རེད། །                         

热门新闻

热门图库

热门排行