ཀོས་ནན་རྫོང་གིས་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་དམངས་ལ་བདེ་སྐྱིད་བསྐྲུན་པ།
རང་ཚགས་པར་གྱི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ཀོས་ནན་རྫོང་གིས་ཁ་གཏད་རོགས་སྐྱོར་གྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་ནས། ཅང་སུའུ་ཡི་རོགས་སྐྲུན་དང་རྒྱལ་ཁབ་གློག་ཤུགས་མ་གཏོང་རོགས་སྐྱོར་ཐོན་ཁུངས་གཅིག་བསྡུས་བྱས་ཏེ། སློབ་གསོ་དང་སྨན་བཅོས། གྲོང་གསེབ་ཀྱི་རྨང་གཞིའི་འཛུགས་སྐྲུན་བཅས་ཀྱི་ཁྱབ་ཁོངས་སུ་ཁེབས་པར་བྱས་ཤིང་། དམངས་ཕན་ལས་གཞི་ཁག་ཅིག་དོན་འཁྱོལ་བྱས་པར་གྲུབ་འབྲས་ཐོན་པ་དང་བསྟུན་ནས། སློབ་གསོ་སྤུས་འདེགས་དང་སྨན་བཅོས་རིམ་སྤར། གྲོང་གསེབ་བདེ་སྡོད་བཅས་ཀྱི་བདེ་སྐྱིད་ལྡན་པའི་འཆར་འགོད་ཅིག་དོན་འཁྱོལ་བྱེད་བཞིན་ཡོད།
2022ལོའི་ཚུན་ལ། ཀོས་ནན་རྫོང་གིས་ཅང་སུའུ་ཡི་རོགས་སྐྲུན་མ་དངུལ་སྒོར་ཁྲི850སྤྱད་དེ། སྡེ་བ་རིམ་པའི་བྱིས་སྐྱོང་ཁང5གསར་སྐྲུན་དང་རིམ་སྤར་བྱས། མིག་སྔར། མང་ར་ཤང་མགུར་འོག་མ་དང་ཐུར་སྦྲུལ་སྡེ་བ་གཉིས་ཀྱི་བྱིས་སྐྱོང་ཁང་དངོས་སུ་བཀོད་སྤྱོད་བྱེད་བཞིན་ཡོད་ལ། ད་ལྟ་ཁང་གཞོངས་སྡེ་བ་དང་གླེགས་ཤིང་སྡེ་བ། ཐར་ཤུལ་ཤང་ལུག་ནག་ར་བ་བཅས་ཀྱི་བྱིས་སྐྱོང་ཁང་གི་བཟོ་སྐྲུན་གཙོ་བོ་ལེགས་འགྲུབ་བྱུང་ནས་ཁང་བའི་ནང་ལ་མཛེས་སྤྲས་བྱེད་བཞིན་ཡོད།
མཚོ་སྔོན་ཧྲོའུ་ཞིན་འཛུགས་སྐྲུན་ཚད་ཡོད་ཀུང་ཟིའི་བདེ་སྲུང་པ་ཝང་ཡཱ་ཕིང་གིས་བཤད་རྒྱུར། ཁང་གཞོངས་བྱིས་སྐྱོང་ཁང་ན་ནིང་གི་ཟླ10པའི་ནང་ལས་མགོ་བརྩམས་ཤིང་། ང་ཚོས་ལས་མཚམས་མ་བཞག་སྔོན་གྱི་རྨང་གཞིའི་བྱེད་ཐབས་ལྟར་བྱ་བ་ཚང་མ་འགྲུབ་ཏུ་བཅུག་ཡོད། ད་ལོའི་ཟླ4པའི་ཚུན་ལ། ང་ཚོས་བཟོ་སྐྲུན་གྱི་ཇུས་འགོད་དཔེ་རིས་ལྟར་གྱང་གི་སྤུས་ཚད་འགན་ལེན་བྱས་ཡོད་ལ། བཟོ་སྐྲུན་གཙོ་བོར་ཞིབ་བཤེར་རྩིས་ལེན་བྱས་ཟིན་པ་རེད། ད་ལྟ་ལས་རིམ་རྗེས་མའི་སོ་ཕག་སྦྱར་བ་དང་ཕྱི་གྱང་གི་དྲོད་འཛིན། ཨར་འདམ་རྒྱག་པ་བཅས་ཀྱི་བྱ་བ་སྒྲུབ་བཞིན་ཡོད། སྔོན་དཔག་ལྟར་ན་ཟླ7པའི་ཚེས30ཉིན་སྤུས་ཚད་དང་གྲངས་ཚད་འགན་ལེན་བྱས་ནས་རྩིས་སྤྲོད་བྱ་ཐུབ་རྒྱུ་རེད།
དེ་དང་ཆབས་ཅིག ཅང་སུའུ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་མ་དངུལ་སྒོར་ཁྲི330བཏང་ནས། རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བའི་འཕྲོད་བསྟེན་ཁང36ལ་ཉམས་གསོ་དང་སྒྲིག་ཆས་རིམ་སྤར་བྱས་ཏེ། གཞི་རིམ་མང་ཚོགས་ཀྱིས་སྨན་བཅོས་བྱེད་པར་སྔར་ལས་སྟབས་བདེ་བསྐྲུན་ཡོད། སྒྲིག་ཆས་ལེགས་བཅོས་བྱ་རྒྱུ་ནི་རྨང་གཞི་ཡིན་ལ། ཅང་སུའུ་ཡི་སློབ་གསོ་རོགས་སྐྱོརཚོགས་པས་ཀོས་ནན་རྫོང་སློབ་འབྲིང་དུ་གཞན་དང་མི་འདྲ་བའི་སློབ་ཐུན་གསར་པ་ཞིག་བསྐྱལ་ཡོང་བ་རེད།
དབྱང་ཀྲོའུ་སློབ་ཆེན་གྱི་སློབ་སྐྱོར་དགེ་རྒན་ཚའོ་ཡུའུ་ཧྭ་ཡིས་བཤད་རྒྱུར། སློབ་ཁྲིད་ཀྱི་ངོས་ནས་བལྟས་ན་ལོ་རིམ་དང་པོ་དང་ལོ་རིམ་གཉིས་པའི་སློབ་མས་ཡིག་འབྲུ་མང་པོ་ངོས་འཛིན་ཐུབ་ཀྱི་མེད་པ་རྟོགས་བྱུང་། ངས་ཁོ་ཚོའི་གནས་ཚུལ་དངོས་གཞིར་བཟུང་ནས་ཡིག་འབྲུ་རེ་རེའི་ཡིག་གཟུགས་དང་སྒྲ་སོགས་ལ་ངོས་འཛིན་བྱེད་དུ་བཅུག་སྟེ། ཁོ་ཚོའི་ཡིག་འབྲུའི་ནུས་པ་མཐོར་འདེགས་སུ་གཏོང་བར་རོགས་རམ་བྱས་པ་ཡིན་ཟེར།
ཅང་སུའུ་ཡི་སློབ་སྐྱོར་ཚོགས་པས་ས་གནས་དགེ་རྒན་གྱི་སློབ་ཁྲིད་འདུ་ཤེས་གསར་བསྒྱུར་བྱེད་པར་སྐུལ་ཁྲིད་བྱས་ཡོད།
ཀོས་ནན་རྫོང་སློབ་འབྲིང་གི་དགེ་རྒན་དབྱང་དབྱིན་གྱིས་བཤད་རྒྱུར། དབྱང་ཀྲོའུ་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་སྐྱོར་དགེ་རྒན་སླེབས་པ་ལས་ངེད་སློབ་གྲྭའི་རོལ་དབྱངས་དང་ལུས་རྩལ། མཛེས་རྩལ། ཚན་རིག ཀུན་སྤྱོད་དང་ཁྲིམས་སྐྱོང་སོགས་ཀྱི་དགེ་རྒན་གྱི་དཔུང་སྡེར་ཁ་གསབ་བྱས་པ་དང་། ཁོ་ཚོས་ཅང་སུའུ་ཡི་སྔོན་ཐོན་གྱི་སློབ་ཁྲིད་འདུ་ཤེས་དེ་ཀོས་ནན་རྫོང་སློབ་འབྲིང་གི་སློབ་ཐུན་དུ་སྤྱད་ཅིང་། དཔེར་ན་རོལ་རྩེད་ཀྱི་རྣམ་པས་དགེ་སློབ་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ནས་སློབ་མའི་སློབ་སྦྱོང་གི་ཧུར་སེམས་སྐུལ་སློང་བྱས་པ་མ་ཟད། རང་ཉིད་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་ལ་བརྟེན་ནས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བར་བྱས་པས།ངེད་སློབ་གྲྭའི་སློབ་ཁྲིད་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་ནུས་པ་ཐོན་ཡོད་ཟེར།
ཅང་སུའུ་ཡིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ལས་ད་དུང་རྒྱལ་ཁབ་གློག་ཤུགས་མ་གཏོང་ཀུང་ཟིས་ཀྱང་ཀོས་ནན་རྫོང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། 2010ལོ་ནས་བཟུང་རྒྱལ་ཁབ་གློག་ཤུགས་མ་གཏོང་ཀུང་ཟིས་བསྡོམས་པས་སྒོར་དུང་ཕྱུར་གཅིག་ལས་བརྒལ་བ་དམངས་ཚིས་ལེགས་བཅོས་བྱ་བའི་ཐད་བཏང་ཞིང་། ནུས་ཁུངས་ཀྱི་ཁྱབ་ཁོངས་སུ་རྒྱལ་ཁབ་གློག་ཤུགས་མ་གཏོང་ཀུང་ཟིས་སྤྱིའི་མ་དངུལ་སྒོར་དུང་ཕྱུར300ལྷག་ཙམ་བཏང་བའི་ནུས་ཁུངས་གཙང་མའི་རྟེན་གཞིའི་འཛུགས་སྐྲུན་སྐུལ་འདེད་བྱེད་བཞིན་པ་དང་དུས་མཚུངས་སུ། སྟོང་ཝ་ཁྲི110ཅན་གྱི་འོད་ནུས་ལས་གཞི་སྤྱོད་མགོ་བརྩམས། སློབ་གསོའི་ཕྱོགས་ནས་རྒྱལ་ཁབ་གློག་ཤུགས་མ་གཏོང་སྡེ་ཚོགས་དང་པེ་ཅིང་དགེ་ཐོན་སློབ་ཆེན་གྱི་འཐབ་ཇུས་མཉམ་ལས་ཀྱི་གན་རྒྱ་བཞག་སྟེ། སློབ་གསོའི་རོགས་སྐྱོར་འཆར་གཞིས་ཀོས་ནན་རྫོང་དུ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མང་པོ་མཁོ་འདོན་བྱེད་བཞིན་ཡོད།
ཀོས་ནན་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གཞོན་པ་མཱ་ལི་ཡིས་བཤད་རྒྱུར།2025ནི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་མཇུག་སྒྲིལ་བའི་ལོ་དང་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་རྩོམ་པའི་ལོ་ཡིན་པས། སྔ་མཐུད་རྗེས་སྐྱོང་གི་དུས་རིམ་འདིར། ངས་རྨ་ཆུ་ཀུང་ཟི་དང་ད་དུང་རྫོང་གི་འབྲེལ་ཡོད་སྡེ་ཁག་འགའ་སྣེ་ཁྲིད་དེ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འོས་འགན་ལག་ལེན་དུ་བསྟར་རྒྱུ་ཡིན། རྗེས་ཕྱོགས་ངས་ད་དུང་སྡེ་ཚོགས་དང་ཀུང་ཟིའི་སྟེགས་བུ་འདི་ལ་བརྟེན་ནས། ཀོས་ནན་རྫོང་གི་རིམ་པ་སོ་སོའི་མགོ་ཁྲིད་ཀྱི་རོགས་རམ་འོག་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བ་ལེགས་པོར་སྒྲུབ་རྒྱུ་ཡིན་ཟེར།
བྱིས་སྐྱོང་ཁང་ནས་འཕྲོད་བསྟེན་ཁང་བར་དང་། སློབ་ཐུན་ནས་ནུས་ཁུངས་ཀྱི་རྟེན་གཞིའི་བར། འཛུགས་སྐྲུན་རོགས་སྐྱོར་གྱི་མ་དངུལ་རེ་རེ་དང་། ལག་ལེན་ཏུ་བསྟར་བའི་ལས་གཞི་རེ་རེས་ཀོས་ནན་རྫོང་ཚད་མཐོའི་འཕེལ་རྒྱས་ཡོང་བར་རྒྱབ་རྟེན་མཁོ་འདོན་བྱེད་བཞིན་ཡོད།