གུང་ཧོ་རྫོང་གིས་ཏང་འཛུགས་ལ་བརྟེན་ནས་དམངས་ཚིས་བྱ་བར་འགན་སྲུང་བྱས་པ།
རང་ཚགས་པར་གྱི་འཕྲིན།གུང་ཧོ་རྫོང་གིས་ཅན་བཅུའི་ཏང་འཛུགས་བྱ་བའི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། མཇུག་འབྲས་ཁྲིད་སྟོན་བྱ་རྒྱུ་དེ་དངོས་ཕན་ཅན་དུ་འགྱུར་བར་བྱས་ནས་དམངས་ཚིས་ཞབས་ཞུའི་སྤུས་ཚད་ལ་ཞིབ་བཤེར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒན་པ་དང་བྱིས་པ། དབང་པོ་སྐྱོན་ཅན་དང་བུད་མེད་སོགས་གཙོ་གནད་ཚོགས་སྤྱིར་དམིགས་ནས། གནད་འཁེལ་ཤུགས་འདོན་དང་གནད་འཁེལ་ཇུས་འདོན་བྱས་ཏེ། ཀུན་ཕན་གཅེས་སྐྱོང་གི་ཞབས་ཞུའི་མ་ལག་ནུས་ཤུགས་ཡོད་རྒུས་འཐུས་ཚང་དུ་བཏང་བ་དང་། དངོས་སྒྲུབ་ཀྱི་དམངས་ཚིས་བྱེད་ཐབས་སྤྱད་དེ་འགན་སྲུང་བརྟན་པོར་བཏང་ནས། མངའ་ཁུལ་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་མུ་མཐུད་དུ་མཐོར་འདེགས་སུ་བཏང་ཡོད།
གུང་ཧོ་རྫོང་གིས་རྒན་པ་དང་བྱིས་པའི་ཞབས་ཞུའི་མཁོ་འདོན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི7900ལྷག་ཙམ་བཏང་ནས་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་རིམ་སྤར་སྒྱུར་བཀོད་ལ་སྐུལ་འདེད་བཏང་བ་དང་། རྒན་གསོ་ཁང་གནས་སྤོ་སོགས་ཀྱི་ལས་གཞི་གཙོ་བོ14ལག་བསྟར་བྱས་ནས། རྒན་གསོ་ཁང་གསར་པའི་ནང་གི་ནད་སྐྱོང་རྣམ་པའི་ཉལ་ཁྲི་ཡིས70%ཟིན་ཡོད་ལ། སྨན་བཅོས་དང་ཁམས་གསོ་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ཡོད། མིག་སྔར། རྫོང་ཡོངས་ཀྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ལྟ་སྐྱོང་ལྟེ་གནས་སྡེ་ཁུལ་དུ་ཁེབས་ཚད95%ལས་བརྒལ་བ་དང་། ཁྱོན་བསྡོམས་རྒན་པ་མི་ཐེངས་ཁྲི3.7ལ་ཉིན་མོའི་ལྟ་སྐྱོང་ཞབས་ཞུ་མཁོ་འདོན་བྱས་ཏེ། རྒྱལ་ཡོངས་ཀྱི་རྫོང་ཁོངས་རྒན་གསོའི་ཞབས་ཞུའི་མ་ལག་གསར་གཏོད་ཚོད་ལྟའི་རྫོང་གི་མིང་ཐོའི་ཁྲོད་བདེ་བླག་ངང་ཚུད་ཡོད་པ་རེད།
གུང་ཧོ་རྫོང་དམངས་སྲིད་ཅུའུ་ཡི་ལས་བྱེད་མི་སྣ་དབྱང་ཡཱ་ཕིང་གིས་བཤད་རྒྱུར། བྱིས་པའི་ཕན་བདེའི་ཁྱབ་ཁོངས་སུ། མ་དངུལ་སྒོར་ཁྲི1812.48བཏང་ནས་ནར་མ་སོན་པའི་བྱིས་པའི་སྲུང་སྐྱོང་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཤིང་། བྱིས་པའི་ཁྱིམ་ཞེས་པ་དེ་ཤང་གྲོང་དང་སྡེ་བ(སྡོད་གནས)ཡོངས་སུ་ཁྱབ་པར་བྱས་ཡོད་ལ། དཀའ་ངལ་ཡོད་པའི་བྱིས་པ4544ལ་གནད་འཁེལ་གྱིས་ཞིབ་བཤེར་བྱས་ནས་གཅེས་སྐྱོང་འགན་ལེན་གྱི་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་རེད། དབང་པོ་སྐྱོན་ཅན་ལ་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་བ་དང་། ཤང་གྲོང་གི་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སྨན་བཅོས་ཞབས་ཞུར་ཚོད་ལྟ་བྱས་ཤིང་། དབང་བོ་སྐྱོན་ཅན120ལ་བདེ་ཐང་འགན་སྲུང་མ་དངུལ་སྒོར་ཁྲི30.24 མཁོ་འདོན་བྱས་ནས། རྫོང་རིམ་པའི་བདེ་ཐང་ལས་ཁུངས་དང་ཤང་གྲོང་གི་ཞབས་ཞུའི་ས་ཚིགས། སྡེ་བའི་ཞབས་ཞུའི་ས་ཚིགས་བཅས་རིམ་པ་གསུམ་གྱི་དབང་པོ་སྐྱོན་ཅན་གྱི་བདེ་ཐང་ཞབས་ཞུའི་མ་ལག་རིམ་བཞིན་འཛུགས་སྐྲུན་བྱ་རྒྱུ་ཡིན་ཟེར།
གུང་ཧོ་རྫོང་ཆབ་ཆ་གྲོང་བརྡལ་གྱི་ཀྲིན་ཧི་དང་རྨ་ཆུའི་ལམ་སྡེ་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་དངོས་སུ་སྤྱོད་མགོ་བརྩམས་ཤིང་། ལྟེ་གནས་ཀྱིས་ཅན་བཅུའི་ཏང་འཛུགས་སྣེ་ཁྲིད་ལ་བརྟེན་ནས། ཐོན་ཁུངས་བསྡུ་སྒྲིག་དང་སྟོབས་ཤུགས་མཉམ་བསྡུས་བྱས་ཏེ། བཟའ་བཏུང་དང་ལྟ་སྐྱོང་། རོལ་རྩེད། བདེ་ཐང་བཅས་གནས་བཞི་གཞི་གཅིག་ཅན་གྱི་རྒན་གསོའི་ཞབས་ཞུའི་སྟེགས་བུ་ལེགས་པར་བཏོད་པ་དང་། ལྟེ་གནས་ཀྱིས་ལུགས་མཐུན་གྱི་སྒོ་ནས་ཟས་རིགས་འདོན་སྤྲོད་དང་ངལ་གསོ། ཁམས་གསོ། རིག་གནས་ལུས་རྩལ་སོགས་ཀྱི་བྱེད་ནུས་ཁུལ་དབྱེ་ནས་རྒྱུན་རྣམ་ཅན་གྱིས་འཚོ་བཅུད་སྡེབ་སྒྲིག་དང་ཉིན་མོའི་བཅོལ་སྐྱོང་། བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། མིག་མངས་རྩེད་པ། ཡིག་རིས་ལྟ་ཀློག རིག་རྩལ་འཁྲབ་སྟོན་སོགས་ཀྱི་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་པོར་བཏང་སྟེ། རྒན་པ་རྣམས་ལ་ལབ་གླེང་དང་རོགས་རེས། འཚོ་བ་སྐྱིད་པོ་རོལ་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ནས། ཁྱིམ་མཚེས་ཕན་ཚུན་བར་གྱི་འབྲེལ་འདྲིས་བཟང་པོ་དང་རྒན་པར་བཀུར་བསྟི་བྱེད་པ། རྒན་པར་རོགས་སྐྱོར་བྱེད་པའི་ཡ་རབས་སྲོལ་བཟང་རྒྱུན་འཛིན་བྱས་པ་དང་། ལྟེ་གནས་ཀྱིས་ཚད་ལྡན་གྱི་གཉོར་སྐྱོང་དང་ཞིབ་ཚགས་ཀྱི་ཞབས་ཞུ་ལ་བརྟེན་ནས། ཕན་ནུས་ལྡན་པའི་སྒོ་ནས་གཞི་རིམ་གྱི་རྒན་གསོའི་ཐད་ཀྱི་ཞན་ཆ་གསབ་པ་དང་། སྲོལ་རྒྱུན་གྱི་རྒན་གསོའི་ཞབས་ཞུ་འཐུས་ཚང་མིན་པ། མཁོ་སྤྲོད་མི་འདང་བ། ཐུགས་ཁུར་མི་འདིང་བ་སོགས་ཀྱི་གནད་དོན་ཐག་བཅད་དེ། ཁོངས་གཏོགས་མངའ་ཁུལ་གྱི་རྒན་པ་རྣམས་ཀྱིས་ཉེ་སར་སྤུས་ལེགས་སྟབས་བདེའི་རྒན་གསོའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་དང་། ཚེ་མཇུག་སྐྱིད་པོ་ཞིག་རོལ་ཐུབ་པར་བྱས་ནས། ཏང་འཛུགས་སྣེ་ཁྲིད་ལ་བརྟེན་ནས་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱས་ཡོད།
གུང་ཧོ་རྫོང་དམངས་སྲིད་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་ཅུའུ་ཀྲང་ཀྲང་ཝེ་ཕིང་གིས་བཤད་རྒྱུར། གུང་ཧོ་རྫོང་དམངས་སྲིད་ཅུའུ་ཡིས་ཅན་བཅུའི་ཏང་འཛུགས་ཀྱི་བླང་བྱར་དམ་པོར་དམིགས་ནས། ཏང་འཛུགས་དང་དམངས་སྲིད་ལས་དོན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། དམངས་ཚིས་འགན་སྲུང་དང་གཞི་རིམ་བཅོས་སྐྱོང་། སྲིད་དོན་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་སུ་གཏོང་བར་དམ་འཛིན་བྱས་ནས། རྨ་ཆུའི་ལམ་སྡེ་ཁུལ་གྱི་རིམ་སྤར་ལེགས་སྒྱུར་ཚད་མཐོས་ལེགས་འགྲུབ་བྱུང་ཞིང་། བཀོད་པ་ལེགས་སྒྱུར་དང་བྱེད་ནུས་འཐུས་ཚང་དུ་བཏང་སྟེ། ཐག་ཉེ་སར་སྟབས་བདེའི་རྒན་གསོའི་ཞབས་ཞུའི་སྟེགས་བུ་བསྐྲུན་ནས་ངེས་པ་དོན་གྱིས་འཚོ་རྟེན་ཡོད་པ་དང་ཚེ་མཇུག་སྐྱིད་པོ་རོལ་ཐུབ་པར་བྱས་ཡོད་ཟེར།