གནད་བསྡུས། 详情

མཚོ་ལྷོ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་གྱི་བྱེད་སྒོ་སྤེལ་བ།

ཟླ5པའི་ཚེས26ཉིན། མཚོ་ལྷོ་ཁུལ་གྱིས་ངལ་རྩོལ་ཕུགས་འདུན། ལང་ཚོ་མཉམ་སྐྱོད་ཅེས་པའི་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་ནས། ལྟ་སྦྱོང་སློབ་སྦྱོང་དང་སྔོན་ཐོན་དཔེ་མཚོན་སྒྲོག་འགྲེལ། འབོད་སྐུལ་དང་ཁས་ལེན་ལག་བསྟར་སོགས་ཀྱི་རྣམ་པས་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་གཞོན་ནུ་ལས་བཟོ་པ་ཚོས་ངལ་རྩོལ་གྱི་སྙིང་སྟོབས་དང་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། དངོས་སྒྲུབ་ལ་བརྟེན་ནས་མཐོ་སྒང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་འཕེལ་བར་སྐུལ་འདེད་བཏང་།

བྱ་འགུལ་སྤེལ་སྐབས་ཟབ་ཞུགས་མི་སྣ་ཡོངས་མཚོ་ལྷོ་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་དུ་བསྐྱོད་དེ། ཁུལ་ཡོངས་ཀྱི་མི་རིགས་ཁག་མཉམ་འདྲེས་མཉམ་གནས་དང་ཕན་ཚུན་རོགས་རེས་ཀྱི་འབད་འཐབ་ལོ་ཟླར་ཕྱིར་ལྟ་བྱས་ཤིང་།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བའི་བརྗོད་བྱ་གཙོ་བོའི་འགྲེམ་སྟོན་ས་ཁུལ་དུ། ཚང་མས་དངོས་པོ་རེ་རེ་དང་པར་རིས་རེ་རེ། དངོས་བྲིས་དཔྱད་ཡིག་རེ་རེ་བཅས་ལ་བརྟེན་ནས་མཚོ་ལྷོ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་དཔུང་བ་མཉམ་གཤིབ་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དངོས་དེ་ཐད་ཀར་དུ་བལྟས་པར་མ་ཟད། མི་རིགས་སོ་སོའི་མཉམ་འདྲིས་ཀྱི་བརྩེ་བ་ཟབ་མོ་མཚོན་པར་བྱས་ཡོད།

དེའི་རྗེས་སུ་གཞི་རིམ་ལས་བྱེད་པ་ཏོའུ་ཡན་ཡན་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་ལྷ་མོ་གཡུ་སྒྲོན་གཉིས་ཀྱིས་བབ་ཆགས་ལ་ཟོལ་མེད་ཀྱི་སྐད་ཆས་གཞི་རིམ་གྱི་འབད་འཐབ་གཏམ་རྒྱུད་བརྗོད་པ་དང་། དཔེ་ལེགས་པ་གཉིས་ཀྱིས་ལས་གནས་ལ་རྐང་ཚུགས་པ་དང་མཐུན་སྒྲིལ་ཡར་བརྩོན། ཐོག་མའི་བསམ་འདུན་བརྟན་སྲུང་བྱས་པའི་གཏམ་རྒྱུད་བཅས་ལས་དུས་རབས་གསར་པའི་ངལ་རྩོལ་པའི་འགན་འཁྲི་དང་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སྐུལ་ཚིག་བཀོད་པའི་གྱང་གི་མདུན་དུ་མི་རིགས་ཁག་གི་གཞོན་ནུ་ལས་བཟོ་བ་ཚོས་སྨྱུ་གུ་བཏོན་ནས་ཟོལ་མེད་ཀྱི་སྨོན་འདུན་དང་མདུན་སྐྱོད་ཀྱི་དམ་བཅའ་གྱང་ངོས་སུ་བཀོད།

 ཐེངས་འདིའི་བརྗོད་བྱ་གཙོ་བོའི་ལག་ལེན་བྱེད་སྒོ་དེས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུའི་བློ་ཁ་ཕྱོགས་ཤུགས་དང་འཐབ་ནུས་སྔར་བས་གཅིག་ཏུ་སྒྲིལ་ལ། མཚོ་ལྷོ་ཁུལ་གྱི་རྒྱ་ཆེའི་གཞོན་ནུ་ལས་བཟོ་པ་ཚོས་སྔོན་ཐོན་དཔེ་མཚོན་མིག་དཔེར་བྱས་ཏེ། ངལ་རྩོལ་ལ་འབད་འབུངས་དང་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་ཟབ་མོ་འཆང་བ། ལང་ཚོའི་འབད་འཐབ་དང་གཞོན་ནུའི་འགན་འཁྲིའི་འཁུར་སེམས་བཅས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་རོགས་རམ་བྱས་ཏེ།  མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་རྟག་ཏུ་བཞད་པར་བྱ་ངེས་ཡིན།  


热门新闻

热门图库

热门排行