ཞིན་ཧེ་རྫོང་གིས་རྒན་གསོའི་ཞབས་ཞུ་ལེགས་པར་བསྒྲུབས་པ།
དམངས་སྲིད་དམངས་ཀྱི་ཆེད། བྱམས་བརྩེའི་དྲོལ་ཁོལ་སྦྱིན། དུས་དང་རྣམ་པ་ཀུན་ཏུ་ཞིན་ཧེ་རྫོང་དམངས་སྲིད་ཅུའུ་ཡིས་དམངས་སྲིད་དམངས་ཀྱི་ཆེད་དང་དམངས་སྲིད་དམངས་ལ་གཅེས་པའི་ཐོག་མའི་འགན་འཁྲི་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། རྒན་པ་དང་བྱིས་པ། དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་བཅས་ལ་དམིགས་ནས། དམངས་ཕན་སྲིད་ཇུས་ཁག་གནད་འཁེལ་གྱིས་དོན་འཁྱོལ་བྱས་ཏེ། རྒན་གསོ་དང་བྱིས་སྐྱོང་གི་ཞབས་ཞུའི་སྤུས་ཀ་ཇེ་ལེགས་སུ་བཏང་སྟེ། དམངས་ཚིས་འགན་སྲུང་གི་བྱ་བ་དག་ཞིབ་ཚགས་ཀྱིས་སྒྲུབ་ནས་ལྷག་བསམ་ཟོལ་མེད་ངང་འགན་འཁྲི་ལག་ལེན་དུ་བསྟར་བ་དང་། བྱམས་བརྩེའི་ཐུགས་ཁུར་ལ་བརྟེན་ནས་དམངས་ཚིས་འགན་སྲུང་ལ་ཁག་ཐེག་བཟང་པོ་བྱས།
ཞིན་ཧེ་རྫོང་གི་ཞི་ཡང་ཧོང་རྒན་གསོ་ཁང་དུ་བསྐྱོད་པ་ན་ར་སྐོར་ནང་གཙང་ཞིང་གྲལ་དག་པ་དང་། འཚོ་བའི་སྒྲིག་བཀོད་ཆ་ཚང་ལ། རྒན་གསོ་ཁང་གིས་བདག་མེད་རྒན་པ་དང་རྒན་པ་ཁེར་སྡོད། དབང་པོ་སྐྱོན་ཅན་གྱི་རྒན་པའི་ཚོགས་སྤྱི་བཅས་ལ་དམིགས་ནས། 1:6གི་ཞིབ་ཕྲ་ཅན་གྱི་ཆེད་ལས་མི་སྣས་ལྟ་སྐྱོང་བྱེད་པ་ཁྱབ་གདལ་དུ་བཏང་སྟེ། དུས་རྒྱུན་གྱི་འགྲོ་འདུག་སྤྱོད་གསུམ་དང་བདེ་ཐང་ལྟ་སྐྱོང་གི་ཞབས་ཞུ་ལེགས་པར་སྒྲུབ་པ་དང་། རྒན་པའི་འཚོ་བའི་ཁྲོད་ཀྱི་དཀའ་གནད་སྣ་ཚོགས་ཐག་གཅོད་བཟང་པོ་བྱས་ནས། རྒན་པ་རྣམས་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སྤྲོ་སྐྱིད་ཡོད་པ། རྒས་དུས་བློ་སེམས་བདེ་བ་བཅས་བྱས་ཏེ་ཚེ་མཇུག་ལ་འཚོ་བ་སྐྱིད་པོ་ཞིག་རོལ་པར་ཁག་ཐེག་བྱས།
ཞིན་ཧེ་རྫོང་ཞི་ཡང་ཧོང་རྒན་གསོ་ཁང་གི་རྒན་པ་ཁྲའེ་ཧྲིན་ཆོན་གྱིས་བཤད་རྒྱུར།
ང་རང་ལོ་ན་ཆེ་བ་དང་རྟེན་ས་ཅི་ཡང་མེད་པས་ཟ་འཐུང་སོགས་ཕྱོགས་གང་ཅིའི་ཐད་ནས་ཧ་ཅང་ཐབས་ཆག་གི་གནས་སུ་ལྷུང་ཡོད། འོན་ཀྱང་ང་ཚོ་ཞིན་ཧེ་རྫོང་ཞི་ཡང་ཧོང་རྒན་གསོ་ཁང་དུ་ཡོང་བ་ནས་བཟུང་། ཏང་གི་སྲིད་ཇུས་བཟང་པོ་ལ་བརྟེན་ནས། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ང་ཚོ་གཉོར་སྐྱོང་བྱེད་མཁན་མེད་པ་དང་དབང་པོ་སྐྱོན་ཅན་མི་སྣར་དམིགས་བསལ་གྱིས་ཐུགས་ཁུར་གནང་སྟེ། ང་ཚོར་ཚེ་མཇུག་གི་འཚོ་བ་སྐྱིད་པོ་ཞིག་རོལ་དུ་བཅུག་པས་ཧ་ཅང་དགའ་པོ་བྱུང་ཡོད་ལ་ཏང་དང་སྲིད་གཞུང་གི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ། ང་ཚོར་འཚོ་བའི་ཐད་ཀྱི་དགོས་མཁོ་གང་ཡོད་དང་ལུས་ཕུང་མི་བདེ་བ་སོགས་ཀྱི་སྐབས་སུ་ལས་བྱེད་མི་སྣས་གཉོར་སྐྱོང་གི་ཞབས་ཞུ་སོགས་ཧ་ཅང་བཟང་གི་ཟེར།
ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་བརྟེན་ནས། ཞིན་ཧེ་རྫོང་གིས་རྒན་གསོའི་ཞབས་ཞུ་རྒྱུན་མཐུད་ངང་གཞི་རིམ་ལ་ཐོན་པར་བྱས་ཏེ། ཆེད་ལས་རྒན་གསོའི་ཞབས་ཞུ་འབྲོག་ཁུལ་གྱི་སྡེ་བ་དང་ཁྱིམ་ཚང་རེ་རེར་བསྐྱལ། ལོ་ཧྲིལ་པོར་དཀའ་ངལ་ཡོད་པའི་རྒན་པ110ལ་ཁྱིམ་སྡོད་རྒན་པར་འཚམ་པའི་སྒྱུར་བཀོད་དང་། མི་ཐེངས1320ལ་ཁྱིམ་ཚང་དུ་སོང་ནས་ཆེད་ལས་ཀྱི་ཞབས་ཞུ་མཁོ་འདོན་བྱས། ཁྱིམ་ཚང་དུ་ཟ་མ་སྐྱེལ་བ་དང་ཉིན་རྒྱུན་གྱི་ལྟ་སྐྱོང་། བདེ་ཐང་འདྲི་རྩད། གནས་ཚུལ་རྒྱུས་ལོན་བཅས་བྱས་ཏེ། ངེས་པ་དོན་གྱིས་རྒན་གསོའི་ཞབས་ཞུ་ལེགས་པར་བསྒྲུབས་ནས། འབྲོག་ཁུལ་གྱི་ལོ་ལོན་རྒན་པ་དང་རྒན་པ་ཁེར་སྡོད་ཀྱིས་རང་ཁྱིམ་དུ་སྤུས་ལེགས་ཞིང་སྟབས་བདེ་བའི་རྒན་གསོའི་ཞབས་ཞུ་ལེགས་པོ་མྱོང་ཐུབ་པར་བྱས།
བཅར་འདྲི། ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་བརྡལ་རྔ་རྡུང་སྡེ་བའི་སྡེ་མི་སི་ངྷི་ཡིས་བཤད་རྒྱུར། ཁྱིམ་སྡོད་རྒན་གསོའི་ལས་བྱེད་མི་སྣ་དུས་རྒྱུན་དུ་ང་ཚོར་བལྟ་རུ་ཡོང་ནས་བཟའ་བཏུང་ཡང་འདོན་སྤྲོད་བྱེད་པ་མ་ཟད།ནད་བྱུང་ཚེ་སྨན་ཁང་དུ་ཁྲིད་དེ་བརྟག་དཔྱད་ཡང་བྱེད་པས། ང་ཚོར་བདག་སྐྱོང་བྱས་པ་ཧ་ཅང་བཟང་། འདི་དག་ཚང་མ་ཏང་གི་སྲིད་ཇུས་བཟང་བོའི་བཀའ་དྲིན་ཡིན་པས།ངས་འདི་ནས་ཁོ་ཚོར་བཀའ་དྲིན་ཞུས་པ་ཡིན་ཟེར།
ཞིན་ཧེ་རྫོང་བྱིས་པའི་ཕན་བདེ་གླིང་དུ་ལས་བཟོ་མི་སྣས་བྱིས་པ་ཚོའི་འཚར་ལོངས་ལ་བརྩེ་སེམས་ལྡན་པའི་སྒོ་ནས་གཉོར་སྐྱོང་བྱེད་བཞིན་ཡོད། ར་སྐོར་ནང་གི་གསོ་སྐྱོང་དང་སློབ་ཁྲིད། སྨན་བཅོས། ཁམས་གསོ་བཅས་གཞི་གཅིག་ཅན་གྱི་འགན་སྲུང་ཞབས་ཞུ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་ལས། བྱིས་པ60ལ་འཐུས་སྒོ་ཚང་བའི་འཚར་ལོངས་ཀྱི་ཡིག་ཚགས་ཤིག་བཟོ་བཞིན་ཡོད་པས། བྱིས་པ་ཚོའི་རྒྱུན་ལྡན་གྱི་འགྲོ་འདུག་སྤྱོད་གསུམ་ལ་བདག་སྐྱོང་བཟང་བོ་བྱེད་པ་དང་། ལུས་སེམས་བདེ་ཐང་དང་སྦྱོང་ཚན་སློབ་གསོར་ལྟ་རྟོག་བྱེད་པ། དྭ་ཕྲུག་གི་སློབ་ཞུགས་རོགས་སྐྱོར་ལས་གཞི་གནད་འཁེལ་གྱིས་དོན་འཁྱོལ་བྱེད་པ་དང་། སློབ་ཞུགས་རོགས་དངུལ་སྤྲོད་པ། དཀའ་ངལ་ཡོད་པའི་བྱིས་པའི་བདེ་ཐང་གི་འཚར་ལོངས་ལ་འགན་ལེན་བྱེད་པ་བཅས་བྱས་ཡོད།
ཞིན་ཧེ་རྫོང་བྱིས་པའི་ཕན་བདེ་གླིང་གི་མགོ་གཙོ་བཙུན་མོ་རྒྱལ་གྱིས་བཤད་རྒྱུར། བྱིས་པ་ཚོར་ཆུང་དུས་ནས་ཁྱིམ་ཚང་གི་བདག་སྐྱོང་བཟང་བོ་མེད་མོད། ཕན་བདེ་གླིང་དུ་ཡོང་ན་ང་ཚོ་ནི་ཁོ་ཚོའི་གཉེན་ཉེ་དང་ཁྱིམ་མི་ལྟ་བུ་ཡིན། ལོ་འདི་འདྲ་མང་པོའི་རིང་ལ། ང་ཚོས་བྱིས་པ་ཚོའི་ལྟོ་རྒྱབ་དང་འགྲོ་འདུག་ལ་བདག་སྐྱོང་བཟང་བོ་བྱས་པ་མ་ཟད། ཁོ་ཚོའི་ལུས་སེམས་བདེ་ཐང་དང་སློབ་སྦྱོང་སོགས་འཚར་ལོངས་ཀྱི་བརྒྱུད་རིམ་ལའང་སེམས་ཁུར་ཆེན་པོ་བྱས་པ་ཡིན། ངས་བྱིས་པ་ཚོར་རེ་བ་གཞན་ཞིག་བཅངས་མེད་དེ། ཁོ་ཚོ་ཚང་མར་བདག་སྐྱོང་ཡག་པོ་ཞིག་བྱས་ནས་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་། རྗེས་ཕྱོགས་སྤྱི་ཚོགས་སུ་རང་ཉིད་ལ་དབང་བའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་ཡོད་པར་རེ་བ་ཆེན་པོ་བྱེད་བཞིན་ཡོད་ཟེར།
ཞིན་ཧེ་རྫོང་གིས་དམངས་ཚིས་འགན་ལེན་གྱི་སྒྲིག་གཞི་མུ་མཐུད་དུ་ཇེ་ལེགས་སུ་བཏང་སྟེ། སྤྱི་ཚོགས་རོགས་སྐྱོར་དང་མ་མཐའི་རོགས་སྐྱོར། དམངས་ཕན་ཁ་གསབ་སོགས་ཀྱི་སྲིད་ཇུས་ཁག་གནད་འཁེལ་གྱིས་དོན་འཁྱོལ་བྱས་ཤིང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་རང་འགུལ་ངང་གྲལ་བཤེར་དང་རོགས་སྐྱོར་བྱས་ཏེ། དམངས་ཚིས་དོན་དངོས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་དམངས་ཚིས་བདེ་སྣང་མཐོ་རུ་བཏང་།
ཞིན་ཧེ་རྫོང་དམངས་སྲིད་ཅུའུ་ཡི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་པའོ་ཧྥ་ཡོན་གྱིས་བཤད་རྒྱུར། དམངས་སྲིད་ཀྱིས་སྒྲུབ་བཞིན་པ་ཡོད་ཚད་མང་ཚོགས་དང་འབྲེལ་བ་དམ་པོ་ཡོད་པའི་དོན་དངོས་ཀྱི་བྱ་གཞག་ཤ་སྟག་ཡིན་ཞིང་། དེའི་ཕྱོགས་གཅིག་ནི་སྲིད་གཞུང་དང་ཕྱོགས་གཞན་ཞིག་ནི་མང་ཚོགས་དཀྱུས་མ་དང་འབྲེལ་ཡོད་སྟབས། ང་ཚོ་གཞི་རིམ་མང་ཚོགས་དང་ཉེ་བར་བཅར་ཏེ། དམངས་ཕན་སྲིད་ཇུས་ཁག་ངེས་པ་དོན་གྱིས་དོན་ཐོག་ཏུ་འཁྱོལ་བར་བྱས་ཤིང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་བྱེད་པ་དང་རྒན་གསོའི་ཞབས་ཞུ་ལེགས་པར་བསྒྲུབས་ཏེ། མང་ཚོགས་ལ་དཀའ་ངལ་ཡོད་ཚེ་ང་ཚོས་དུས་ཐོག་ཏུ་ཐག་གཅོད་བྱས་པ་ཡིན། ཁ་བཤད་ཙམ་མིན་པར་བློ་སེམས་རྩེ་གཅིག་གིས་མང་ཚོགས་ལ་དོན་དངོས་སྒྲུབ་ནས། ཁོ་ཚོའི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་ཕན་བདེ་བསྐྲུན་པ་ཡིན་ཟེར།