རབ་མཛེས་མཚོ་སྔོན།མཐོ་སྒང་རྐང་གྲུག་རིམ་འདས་འགྲན་བསྡུར་སྐབས་གསུམ་པ་ལས་མཚོ་ལྷོ་འགྲན་ཁུལ་གྱི་ཐོག་མའི་འགྲན་བསྡུར་སྤེལ་བ།


རང་ཚགས་པར་གྱི་འཕྲིན། ཟླ5པའི་ཚེས23ཉིན། རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག་རིམ་འདས་འགྲན་བསྡུར་སྐབས་གསུམ་པའི་མཚོ་ལྷོ་འགྲན་ཁུལ་གྱི་ཐོག་མའི་འགྲན་བསྡུར་དེ་མཚོ་ལྷོ་ཁུལ་མི་རིགས་ལུས་རྩལ་ར་བར་སྤེལ་བ་དང་། མཚོ་ལྷོ་ལུང་གཡང་རུ་ཁག་དང་མཚོ་བྱང་མདོ་ལ་བོད་ལུག་རུ་ཁག་གཉིས་ཀྱིས་འགྲན་བསྡུར་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་འགྲན་བསྡུར་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་ཀྱིས་ཐེངས་འདིའི་འགྲན་བསྡུར་མགོ་རྩོམ་པའི་རྐང་གྲུག་ཐོག་མ་བརྒྱབ། དུས་ཚོད་གཅིག་དང་ཕྱེད་ཀའི་རིང་ལ་ཛ་དྲག་གི་འགྲན་བསྡུར་བྱས་མཐར་མཚོ་ལྷོ་ལུང་གཡང་རུ་ཁག་དང་མཚོ་བྱང་མདོ་ལ་བོད་ལུག་རུ་ཁག་གཉིས་ལ་གཉིས་བསྡུར་ཐིག་གི་སྐར་འབྲས་ཐོབ་ནས་མཚོ་ལྷོ་ལུང་གཡང་རུ་ཁག་ཐེངས་འདིའི་འགྲན་བསྡུར་ལས་རྣམ་པར་རྒྱལ།
ཕྱི་དྲོའི་དུས་ཚོད14ཡི་སྟེང་མཐོ་སྒང་རྐང་གྲུག་འགྲན་བསྡུར་ལས་མཚོ་ལྷོ་འགྲན་ཁུལ་གྱི་ཐོག་མའི་འགྲན་བསྡུར་གྱི་མགོ་རྩོམ་མཛད་སྒོ་དེ་དགའ་སྤྲོའི་ཞབས་བྲོའི་་ཁྲོད་ནས་སྤེལ་མགོ་བརྩམས་ཤིང་། མདུན་སྐྱོད་ཀྱི་རྔ་སྒྲ་དང་བསྡོངས་ནས་འགྲན་ར་ཡོངས་སུ་ལུས་རྩལ་གྱི་སྤྲོ་སྣང་འཕེལ་བར་བྱས་ཤིང་། དུས་རབས་གསར་པ་ཞེས་པའི་གླུ་གར་འཁྲབ་སྟོན་ལས་མཚོ་ལྷོ་ཁུལ་གྱིས་དུས་རབས་ཀྱི་འཕེལ་རྒྱས་དང་གཞིགས་ཏེ། དངོས་སྒྲུབ་གཙིགས་འཛིན་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་རྣམ་པ་བཟང་བོ་མཚོན་པར་བྱས་ཤིང་། ས་གནས་ཀྱི་ཁྱད་ཆོས་ལྡན་ཞིང་རྒྱལ་ཁབ་ལ་བརྩེ་བ་ཡོད་པའི་རིག་རྩལ་འཁྲབ་སྟོན་ལས་མཚོ་ལྷོ་ཁུལ་གྱི་རྫོང་མཐུག་པའི་མི་རིགས་རིག་གནས་དང་རིགས་སོ་སོའི་མང་ཚོགས་ཀྱི་ཡར་རྒྱས་བརྩོན་ལེན་གྱི་བསམ་པའི་རྣམ་པ་ལེགས་པོ་གང་ལེགས་སྒོས་མཚོན་པར་བྱས་ཏེ། རྐང་གྲུག་འགྲན་བསྡུར་ལ་རིག་གནས་ཀྱི་སྲོག་ཤིང་བསྩལ།

ཕྱི་དྲོའི་དུས་ཚོད15གྱི་སྟེང་། མགོ་རྩོམ་མཛད་སྒོའི་བརྡ་བཏང་བ་དང་བསྟུན་ནས། འགྲན་བསྡུར་གྱི་ཡུལ་དངོས་ལ་ཛ་དྲག་གི་རྣམ་པས་ཁེངས་ཤིང་། འགྲན་བསྡུར་ར་བར་ལུས་རྩལ་པ་རྣམས་ཀྱིས་ཕར་རྒོལ་དང་རྐང་གྲུག་བརྒྱུད་སྤྲོད། འཕྲོག་རེས། འཕེན་པ་བཅས་ཀྱིས་འགོག་སྲུང་གི་རྩལ་ནུས་རུ་ཁག་གཅིག་ལས་གཅིག་མགྱོགས་པས་ངོ་མཚར་བའི་དུས་ཡུན་སྐད་ཅིག་མ་རེ་རེ་གཅིག་རྗེས་གཉིས་མཐུད་དུ་བྱུང་ཞིང་། མཚོ་ལྷོ་ལུང་གཡང་རུ་ཁག་གི་ཨང་རྟགས7པའི་ལུས་རྩལ་པ་པདྨ་ཚེ་བརྟན་གྱིས་འགྲན་སྟོད་དུ་སྔོན་ལ་རྐང་གྲུག་གཅིག་བརྫངས་ཏེ། འགྲན་ཡ་ལས་རྒྱལ་ཁ་ཐོབ། མཚོ་བྱང་མདོ་ལ་བོད་ལུག་རུ་ཁག་གིས་འབད་འབུངས་ལྷོད་མེད་བྱས་རུང་མཐར་རྐང་གྲུག་གཅིག་ཀྱང་བརྫངས་མ་ཐུབ་པར་མཐར་འགྲན་བསྡུར་ཡོངས་ལ2:0གི་སྐར་འབྲས་ཐོབ་ནས་ཐེངས་འདིའི་འགྲན་བསྡུར་རེ་ཞིག་མཇུག་རྫོགས་པ་རེད།


མཚོ་ལྷོ་ཁུལ་ལུང་གཡང་རུ་ཁག་གི་རུ་མི་ཚེ་རིང་རྡོ་རྗེས་བཤད་རྒྱུར།ཕ་ཡུལ་གྱི་འགྲན་ར་གཙོ་བོ་རུ་རྐང་གྲུག་འགྲན་བསྡུར་ལ་ཞུགས་ཐུབ་པར་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཤིང་།རྗེས་ཕྱོགས་ང་ཚོས་མ་གྲོས་གཅིག་མཐུན་ཀྱིས་ནུས་པ་ཡོད་ཚད་བཏོན་ནས་འགྲན་བསྡུར་རེ་རེ་བརྒྱབ་ཏེ་གྲུབ་འབྲས་བཟང་བོ་ཐོབ་པར་འབད་པ་བྱ་རྒྱུ་ཡིན་ཟེར།

རྒྱུས་ལོན་པ་ལྟར་ན།མཚོ་ལྷོ་འགྲན་ཁུལ་གྱི་འགྲན་དོན་གྱིས་རྐང་གྲུག་དགའ་སྟོན་ལ་བལྟ།མཐོ་སྒང་གི་ཟས་མཆོག་རོལ།རབ་མཛེས་མཚོ་སྔོན་རྒྱུ་ཞེས་པའི་བརྗོད་དོན་ལ་གཞིགས་ཏེ།མུ་མཐུད་དུ་རྐང་གྲུག་འགྲན་དོན་ལ་བརྟེན་ནས།མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འབུངས་དང་བློ་སྤོབས་ཆེར་བསྐྱེད་ཀྱི་བསམ་པའི་རྣམ་པ་ལེགས་པོ་ཕྱོགས་ཡོངས་ནས་མངོན་ཏེ།ཞིང་ལས་དང་ལུས་རྩལ།རིག་གནས།ཡུལ་སྐོར།ཚོང་ལས།ཁམས་གསོ་བཅས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བྱས་ཤིང་། ཐེངས་འདིའི་མཚོ་ལྷོ་འགྲན་ཁུལ་གྱི་འགྲན་དོན་གྱིས་དམངས་ཡོངས་ལུས་སྦྱོང་དང་དམངས་ཡོངས་ཞུགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ།འགྲན་དོན་གྱི་བརྒྱུད་རིམ་ཡོངས་སུ་དྲང་བཞག་དང་འདྲ་མཉམ།སྤྱི་བསྒྲགས་ཀྱི་རྩ་དོན་བརྩི་སྲུང་བྱས་ནས།འགྲན་དོན་དེ་བདེ་འཇགས་དང་ཚད་ལྡན།གོ་རིམ་ལྡན་པའི་ངང་ནས་སྤེལ་བར་འགན་སྲུང་བྱས།དུས་མཚུངས་སུ་འགྲན་བསྡུར་གྱི་སྐབས་སུ་མཚོ་ལྷོ་ཁུལ་གྱི་འགྲན་ར་གཙོ་བོས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་འགྲེམས་འཚོང་ཁུལ་རྩ་འཛུགས་བྱས་ནས།འགྲན་ཞུགས་ཁེ་ལས40ལྷག་ཙམ་གྱི་རིགས160ཡི་ཐོན་རྫས400ལྷག་འགྲེམས་སྟོན་བྱས་ཏེ།ལྟད་མོ་བ་མང་པོའི་མིག་དབང་འཕྲོག་པ་དང་།ལྟད་མོ་བ་རྣམས་ཀྱིས་རྐང་གྲུག་གི་དགའ་སྟོན་ལོངས་སྤྱོད་བྱེད་པའི་ཞོར་དུ་གནས་མཆོག་མཚོ་ལྷོའི་ཐུན་མིན་གྱི་ཡུལ་སྲོལ་གོམས་གཤིས་དང་མཛེས་སྡུག་ཀྱང་ཉམས་ལེན་བྱས་པ་རེད།

ལྟད་མོ་བ་བསམ་འགྲུབ་འཚོ་ཡིས་བཤད་རྒྱུར།རང་ཁྱིམ་གྱི་སྒོ་ཁར་འདི་ལྟ་བུའི་ངོ་འཚར་ཅན་གྱི་རྐང་གྲུག་འགྲན་བསྡུར་ལ་བལྟ་ཐུབ་པར་ང་རང་སེམས་འགུལ་ཆེན་མོ་ཐེབས་ལ།ངས་ཡུལ་དངོས་ནས་མཚོ་ལྷོ་ལུང་གཡང་རུ་ཁག་ལ་ཤུགས་རྒྱག་གིན་ཡོད།རྗེས་ཕྱོགས་བྱ་འགུལ་འདི་འདྲ་མང་པོ་སྤེལ་ཐུབ་པའི་རེ་བ་ཡོད་ཟེར།

ལྟད་མོ་བ་འཕགས་མོ་གཡུ་སྒྲོན་གྱིས་བཤད་རྒྱུར།འགྲན་རའི་ནང་དུ་ངོ་འཚར་བའི་རྐང་གྲུག་འགྲན་བསྡུར་ཡོད་པ་དང་།འགྲན་རའི་ཕྱི་རོལ་དུ་མཚོ་ལྷོ་ཁུལ་གྱི་ས་གནས་སོ་སོའི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱས་ཡོད་པས།ངས་དངོས་པོ་མང་པོ་ཞིག་ཉོས་པ་ཡིན་ལ་ཚོར་སྣང་ཡང་ཧ་ཅང་སྐྱིད་ཟེར།།








པར་ལེན་པ། བཀྲ་ཤིས་དོན་འགྲུབ།