རང་ཁུལ་གྱིས2026ལོའི་ལས་གཏོད་འགྲན་བསྡུར་དང་མཚོ་ལྷོ་ཁུལ་གློག་འཕྲིན་རྟགས་མའི་ཁུལ་རིམ་པའི་འདེམས་གསེས་འགྲན་བསྡུར་སྤེལ།
ཟླ5པའི་ཚེས21ཉིན། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི2026ལོའི་ལས་གཏོད་འགྲན་བསྡུར་དང་མཚོ་ལྷོ་ཁུལ་གློག་འཕྲིན་རྟགས་མའི་ཁུལ་རིམ་པའི་འདེམས་གསེས་འགྲན་བསྡུར་དེ་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཀྱི་འཁྲབ་སྟོན་ཚོམས་ཆེན་དུ་མགོ་བརྩམས་ཤིང་། འགྲན་སྡུར་དེ་ཅན་བཅུའི་ཏང་འཛུགས་ཀྱི་སྣེ་ཁྲིད་ལ་བརྟེན་ནས་འགྲན་བསྡུར་ལམ་ལུགས་ལེགས་སྒྱུར་དང་གནད་འཁེལ་ཟུར་ཁྲིད། བརྒྱུད་རིམ་ཧྲིལ་བོར་གསོ་སྦྱོང་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་ལས་གཏོད་པར་འགྲེམ་སྟོན་དང་བསམ་བློ་བརྗེ་རེས། ཐོན་ཁུངས་འབྲེལ་མཐུད་བཅས་ཀྱི་སྟེགས་བུ་བསྐྲུན་ཏེ། འགྲན་བསྡུར་ལ་བརྟེན་ནས་ལས་ཞུགས་ལས་གཏོད་ཀྱི་རྣམ་པ་གསར་པ་བཏོད།
ཐེངས་འདིའི་འགྲན་བསྡུར་དེ་ཐེངས་དང་པོར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འགྲན་བསྡུར་གྱི་ཚད་གཞི་དང་ཡོངས་སུ་མཐུན་པར་བྱས་ཏེ། གསར་དུ་བཏོད་པའི4+1ཡི་འགྲན་ལམ་ནང་ཚན་རྩལ་གྲུབ་འབྲས་དང་ཐོན་ལས་འཕེལ་རྒྱས། ལས་རིགས་རྩལ་ནུས། དམངས་ཚིས་དགོས་མཁོ། ན་གཞོན་གསར་གཏོད་བཅས་ཚུད་ཡོད། རྫོང་རིམ་པའི་འགྲན་བསྡུར་ནས་རིམ་པ་བཞིན་བདམས་གསེས་བྱས་པ་བརྒྱུད། སྐྱེ་ཁམས་ཞིང་ཕྱུགས་ལས་དང་མཐོ་སྒང་རིག་གནས་ཡུལ་སྐོར། ནུས་ཁུངས་གཙང་མ་སོགས་ཁྱབ་ཁོངས་ཀྱི་སྤུས་ལེགས་ལས་གཞི22ཁུལ་རིམ་པའི་འགྲན་རིམ་དུ་བདམས་ཤིང་། འགྲན་བསྡུར་མ་བྱས་སྔོན་ལ། གཙོ་སྒྲུབ་ལས་ཁུངས་ཀྱིས་གཅིག་གཏད་གཅིག་གི་ཟུར་ཁྲིད་ཐེངས་དྲུག་བྱས་ཏེ། འགྲན་ཞུགས་པ100ལྷག་ལ་ལས་གཞིའི་བྱ་བ་ཇེ་ལེགས་སུ་གཏོང་རོགས་བྱས། འགྲན་བསྡུར་དེ་སྐར་མ6ལ་འགྲེམ་སྟོན་དང་སྐར་མ5ཡི་དྲི་བ་འདོན་པ། སྐར་མ1གི་ཐོབ་སྐར་རྒྱག་པ་བཅས་ཀྱི་རྣམ་པ་སྤྱད་དེ། ཁེ་ལས་རུ་ཁག18དང་ཚོགས་པའི་རུ་ཁག4ཡིས་མཉམ་དུ་འགྲན་བསྡུར་བྱས་པ་རེད། མཇུག་མཐར་མཚོ་སྔོན་ཨའེ་ཉི་ཧྲ་ཟས་རིགས་ལས་སྣོན་ཚད་ཡོད་ཀུང་ཟིའི་མཚོ་བོད་ནུས་ཁུངས་རིན་ཐང་ཅན་དུ་བསྒྱུར་བའི་ལས་གཞི་དང་ཁུལ་མཐོ་རིམ་ལག་རྩལ་སློབ་གྲྭའི་འོད་ནུས་གློག་འདོན་ས་ཚིགས་ཀྱི་བློས་འགེལ་ཆོག་པའི་རིག་ནུས་འཁོར་སྐྱོད་མ་ལག་གི་ལས་གཞི་གཉིས་ལ་སོ་སོར་ཁེ་ལས་དང་ཚོགས་པའི་རུ་ཁག་གི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཡུལ་དངོས་སུ་བྱ་དགའི་དངུལ་སྒོར་ཁྲི7.9གནང་བ་རེད།
མཚོ་སྔོན་ཨའེ་ཉི་ཧྲ་ཟས་རིགས་ལས་སྣོན་ཚད་ཡོད་ཀུང་ཟིའི་ཧྥ་ཙི་ཞོན་གྱིས་བཤད་རྒྱུར། 2004ལོར་མཚོ་སྔོན་དུ་ལོག་པའི་ན་གཞོན་ཞིག་ཡིན་པའི་ཆ་ནས། ཕ་ཡུལ་དུ་ཐོན་རྫས་བཟང་བོ་མང་མོད། འོན་ཀྱང་ཐབས་ལམ་དང་གོ་སྐབས་དཀོན་པ་ངས་གསལ་བོར་ཤེས་ཡོད། ཐེངས་འདིའི་འགྲན་བསྡུར་ལས་ཨའེ་ཉི་ཧྲ་ཡིས་ཐོན་ཁུངས་སྔར་ལས་མང་པོར་སྦྲེལ་མཐུད་བྱེད་པའི་གོ་སྐབས་བྱུང་བར་མ་ཟད། ཡུལ་མི་ཚོའི་དངོས་པོ་བཟང་པོ་དེར་ཡང་རིན་གོང་བཟང་བོ་བླངས་ནས་འཚོང་ཐུབ་པ་བྱུང་ཡོད།
འགྲན་བསྡུར་གྱི་མཇུག་ཏུ། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་མུ་མཐུད་དུ་རྗེས་འདེད་གསོ་སྐྱོང་བྱས་ཤིང་། བྱ་དགའ་ཐོབ་ཡོད་པ་དང་སྤུས་ལེགས་ཀྱི་ལས་གཞི་གྲ་སྒྲིག་གླིང་ཁུལ་དུ་བཅའ་སྡོད་བྱེད་དུ་བཅུག་ནས། ཁང་གླ་ཇེ་ཉུང་དང་ལས་གཏོད་མཛུབ་སྟོན་དགེ་རྒན་གྱི་མཛུབ་སྟོན། དངུལ་བུན་སྐྱེད་གསབ་སོགས་དུས་འཁོར་གཅིག་གི་སྲིད་ཇུས་ཀྱི་རོགས་སྐྱོར་མཁོ་འདོན་བྱས་ཏེ། གསར་གཏོད་གྲུབ་འབྲས་མགྱོགས་མྱུར་ངང་ཇེ་ལེགས་སུ་ཡོང་བར་སྐུལ་འདེད་བཏང་བ་རེད།
མཚོ་ལྷོ་ཁུལ་ལས་ཞུགས་ཞབས་ཞུ་ཅུའུ་ཡི་ཅུའུ་ཀྲང་གནམ་ལྷ་ཚེ་རིང་གིས་བཤད་རྒྱུར། ཐེངས་འདིའི་འགྲན་བསྡུར་ནི་རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་གསར་གཏོད་གཉིས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགྲན་བསྡུར་གཙོ་བོ་ཞིག་ཡིན་ལ། དམངས་ཚིས་ལ་ཕན་ཁེ་བསྐྲུན་པའི་བཟོ་གྲྭ་དང་ཐོན་ལས་ནུས་སྩོལ་གྱི་གཞི་རྟེན་ཞིག་ཡིན་པར་མ་ཟད། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ཅན་བཅུའི་ཏང་འཛུགས་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པ་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འགག་རྩར་དམ་འཛིན་བྱེད་པ་ཞིག་ཀྱང་ཡིན། འགྲན་བསྡུར་ལས་རང་ཁུལ་གྱི་ནུས་ཁུངས་གཙང་མ་དང་སྐྱེ་ཁམས་ཞིང་ཕྱུགས་ལས། རིག་གནས་ཡུལ་སྐོར་ཁམས་གསོ། སྐྱེ་ཁམས་ཐོན་ཁུངས་བཅས་སྤུས་ལེགས་ཐོན་ལས་ཆེན་པོ་བཞིར་རྐང་བཙུགས་པ་དང་། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་དང་ཐོན་ལས་རིམ་སྤར། ལས་ཞུགས་འབབ་འཕར་བཅས་ལ་དམ་པོར་དམིགས་ཏེ། འཕེལ་རྒྱས་ཀྱི་དགོས་མཁོ་གནད་འཁེལ་གྱིས་འབྲེལ་མཐུད་བྱས། ཕྱོགས་གཅིག་ནས་ས་གནས་ཀྱི་ལས་གཏོད་ལས་གཞིའི་འགྲེམ་སྟོན་དང་འབྲེལ་མཐུད། དོན་འཁྱོལ་ཐབས་ལམ་བཅས་ཤར་གཏོང་བྱས་ཏེ། ཐོན་ཁུངས་དང་སྐྱེད་སྲིང་གི་ཞན་ཆ་གསབ་པ་དང་། སྤུས་ལེགས་ལས་གཞི་དང་འཇོན་མི་གསོག་འཇོག་བཅས་བྱས་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་གསར་གཏོད་གཉིས་ཀྱི་རྣམ་པ་ལེགས་པོར་བསྐྱངས་ཏེ། ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་ཐོན་ལས་མཉམ་འབྲེལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཡོད་ཟེར།