རྒྱལ་སྤྱི། 详情

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས79པ་ཚོགས་འགོ་བརྩམས་པ་དང་གོ་ལ་ཧྲིལ་བོའི་བདེ་ཐང་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཟླ5བའི་ཚེས18ཉིན། སུའེ་ཙེར་གྱི་རི་ནེ་ཝ་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཞུ་ཚིག་ཕུལ།

  འདི་ནི་ཟླ5བའི་ཚེས18ཉིན། སུའེ་ཙེར་གྱི་རི་ནེ་ཝ་ནས་པར་བླངས་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་ཡུལ་དངོས་རྣམ་པ་རེད།

    འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས79པ་ཚེས18ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་ཚོགས་འགོ་བརྩམས། སྐབས་འདིའི་ཚོགས་ཆེན་གྱི་བརྗོད་སྙིང་ནི་གོ་ལ་ཧྲིལ་བོའི་བདེ་ཐང་སླར་གསོ་བྱེད་པར་ལག་རྡང་སྦྲེལ་ནས་འགན་འཁྲི་མཉམ་ཁུར་བྱེད་དགོས་ཞེས་པ་དེ་རེད།

    འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚོགས་ཆེན་མགོ་རྩོམ་སྐབས་ཞུ་ཚིག་ཕུལ་ཏེ། ཉེ་སྔོན་ཧན་ཐན་ནད་དུག་རིམས་ནད་དང་ཨེ་པའོ་ལཱ་ནད་དུག་རིམས་ནད་བྱུང་བ་དང་། འཛམ་གླིང་ཧྲིལ་བོ་དཔལ་འབྱོར་དང་ནམ་ཟླ་སོགས་ཐད་ཀྱི་འགྲན་རྩོད་ལའང་འཕྲད་ཡོད་པས། མ་འོངས་པར་འཚམ་པའི་གོ་ལ་ཧྲིལ་བོའི་འཕྲོད་བསྟེན་སྒྲོམ་གཞི་གསར་བ་ཞིག་འཛུགས་དགོས་ཟེར། ཁོས་བཤད་རྒྱུར། སྐབས་འདིའི་ཚོགས་ཆེན་ནས་ཁོངས་གཏོགས་རྒྱལ་ཁབ་ཀྱིས་གཙོ་ཁྲིད་བྱེད་ཅིང་། འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་འཛིན་བྱེད་པའི་འཕེལ་རིམ་ཞིག་ལ་གྲོས་ཞིབ་བྱས་ཏེ། གོ་ལ་ཧྲིལ་བོའི་འཕྲོད་བསྟེན་སྒྲོམ་གཞིའི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

    མཚམས་སྦྱོར་བྱས་པ་ལྟར་ན། སྐབས་འདིའི་འཕྲོད་བསྟེན་ཚོགས་ཆེན་ནས་གྲོས་གཞི60ལྷག་ལ་གྲོས་ཞིབ་བྱེད་རྒྱུ་ཡིན་པ་དང་། དེའི་ནང་འགོ་ནད་མ་ཡིན་པའི་ནད་རིགས་དང་བསམ་པའི་འཕྲོད་བསྟེན། དམངས་ཡོངས་ཀྱི་བདེ་ཐང་ཚུད་པ། དམའ་རིམ་འཕྲོད་བསྟེན་བདེ་སྲུང་། ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་གྱི་དོགས་ཟོན་དང་ཐག་གཅོད་སོགས་ལག་རྩལ་གྲོས་གཞི་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི2026ལོ་ནས2027ལོའི་བར་གྱི་འཆར་འགོད་སྔོན་རྩིས་ཀྱི་དངུལ་གསོག་དང་ལག་བསྟར། རྩིས་བཤེར། ལྟ་རྟོག་བཅས་ཀྱི་ལས་དོན་ཐད་ཀྱི་སྲིད་འཛིན་དོ་དམ་གྲོས་གཞི་འདུས་ཡོད་ཟེར།

ཀྲུང་གོའི་འཐུས་ཚབ་ཚོགས་པས་བསྟན་དོན། ཧུར་ཐག་སྒོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལག་རྩལ་གྲོས་གཞི་སྣ་ཚོགས་ཀྱི་གྲོས་མོལ་ནང་ཞུགས་རྒྱུ་མ་ཟད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་སྒྲོག་སྤེལ་ཚོགས་འདུ་དང་སྒོར་ཅོག་གྲོས་ཚོགས་སོགས་བྱ་འགུལ་ནང་ཞུགས་ཏེ། ཕྱོགས་སོ་སོའི་བར་བརྗེ་རེས་བྱེད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཡིས་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་ལས་རིམ་དུ་གཏམ་བཤད་སྤེལ་རྒྱུ་རེད།

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེས་མཐོའི་ཇུས་འདོན་ལས་ཁུངས་ཡིན་པ་དང་། སྤྱིར་བཏང་དུ་ལོ་རེའི་ཟླ5བར་རི་ནེ་ཝ་ནས་གྲོས་ཚོགས་སྤེལ་བཞིན་ཡོད། ཚོགས་ཆེན་གྱི་འགན་ནུས་གཙོ་བོ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྲིད་ཇུས་དང་རྩིས་བཤེར། སྔོན་རྩིས་མཆན་བཀོད་ཇུས་གཞི་སོགས་ཐག་གཅོད་བྱེད་རྒྱུ་དེ་ཡིན་ལ། ཚོད་དཔག་བྱས་ན་སྐབས་འདིའི་ཚོགས་ཆེན་ཚེས23ཉིན་གྲོལ་རྒྱུ་རེད།



热门新闻

热门图库

热门排行