མཚོ་སྔོན་གྱིས་སྐྱེ་ཁམས་དམར་ཐིག་དམ་སྲུང་བྱས་ནས་གསེར་ཉ་འཛིན་བཟུང་ལ་གཏན་འགོག་ནན་མོ་བྱས་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས20ཉིན། མཚོ་སྔོན་པོའི་འགྲམ་ངོགས་ལ་གསོན་ཤུགས་ཀྱིས་ཁེངས་ཤིང་མཚོ་ནང་གི་གསེར་ཉ་དག་རང་དབང་གིས་གར་དུ་རྩེན། མཚོ་ཁ་རུ་དུས་བྱ་སྣ་ཚོགས་ཀྱིས་གཤོག་འགྱུར་ལྡེམ་བཞིན་འདུག་པས“གསེར་ཉ་དང་བྱ་རིགས་མཉམ་གནས”བྱེད་པའི་སྐྱེ་ཁམས་ཀྱི་རི་མོ་ཞིག་ཀུན་གྱི་མཐོང་ལམ་དུ་མངོན་ཡོད། མིག་སྔར། གསེར་ཉ་ཡར་འགྲོ་བྱེད་མགོ་བརྩམས་ཡོད། ཉེ་བའི་ལོ་འདི་འགར། མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་བརྟན་པོར་ཁུར་ཞིང་། ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཁྲིམས་འགལ་ངང་གསེར་ཉ་འཛིན་མཁན་ལ་རྡུང་རྡེག་ནན་མོ་བཏང་སྟེ་སྦྲེལ་ཐག་ཧྲིལ་པོ་ནས་གསེར་ཉ་ལྐོགས་འཛིན་དང་ལྐོགས་འཚོང་བྱས་ནས་ཁེ་སྤོགས་ལེན་པའི་སྦྲེལ་ཐག་ཡོངས་སུ་བཅད་པས་མངོན་གསལ་དོད་པའི་གྲུབ་འབྲས་བླངས། 2023ལོ་ནས་བཟུང་། ཞིང་ཆེན་ཡོངས་སུ་བསྡོམས་པས་གསེར་ཉ་དང་འབྲེལ་བའི་སྲིད་འཛིན་གྱོད་གཞི29དང་། ཉེས་དོན་གྱོད་གཞི17ཐག་བཅད་པས་གསེར་ཉ་སྤྱི་རྒྱ6098.2རྩིས་ལེན་བྱས་པས་ཁྲིམས་འགལ་འཛིན་བཟུང་གི་བྱ་སྤྱོད་ལ་བཀག་འགོག་ནུས་ལྡན་ཐོབ།
ཞིང་ཆེན་ཡོངས་ཀྱིས་བྱེད་ཐབས་སྣ་མང་སྤྱོད་པ་དང་གནད་ཁེལ་ཇུས་འདོན། གཟབ་ནན་ཚོད་འཛིན་བྱ་རྒྱུ་བཅས་རྒྱུན་འཛིན་བྱས་ཏེ་གསེར་ཉ་འཛིན་བཟུང་ལ་གཏན་འགོག་བྱེད་པའི་ལས་དོན་སོ་སོར་སྐུལ་འདེད་གཏིང་ཟབ་བཏང་། “མཚོ་སྔོན་གྱི་གསེར་ཉའི་སྲུང་སྐྱོབ་སྲིད་ཇུས”ཀྱི་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་། གསེར་ཉ་ཡར་འགྲོ་དང་གནད་འགག་དུས་རིམ་ལ་མཚོ་ཁ་བཀག་སྡོམ་བྱེད་པར་དམ་དུ་དམིགས་པ། ས་མཚམས་དང་ས་མཐའི་ཆུ་ཁོངས་ལ་དམ་དུ་དམིགས་པ་དང་། ཉིན་མཚན་གཉིས་ཀའི་སྐོར་ཞིབ་དང་མཚན་ཞིབ། དུས་སྟོན་སྐབས་ཀྱི་དུས་བགོས་ཞིབ་བཤེར་བྱས་ཏེ་མངའ་ཁོངས་ཡོངས་ལ་དོ་དམ་ཚོད་འཛིན་ནན་མོ་བྱེད་པར་མངོན་འགྱུར་བྱུང་། “ཁུ་ནུའི”ཆེད་དོན་འགུལ་སྐྱོད་ལག་བསྟར་བྱས་ཤིང་། གསེར་ཉ་འཛིན་བཟུང་དང་སྐྱེལ་འདྲེན། ཕྱིར་འཚོང་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོར་དུས་མཉམ་དུ་ཞིབ་བཤེར་དང་། གཞི་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱས་ནས་ཁྲིམས་འགལ་འཛིན་བཟུང་གི་ཁེ་སྤོགས་སྦྲེལ་ཐག་མཐའ་གཅིག་ཏུ་བཅད། ཁྲོམ་རའི་འགག་སྒོར་ཚོད་འཛིན་ནན་མོ་བྱེད་པ་དང་། ཞིང་ཕྱུགས་ཁྲོམ་ར། ཚོང་ར་ཆེ་ཆུང་། བཟའ་བཏུང་སྡེ་ཁག གློག་རྡུལ་ཚོང་ལས་སྟེགས་བུ་བཅས་ལ་དམ་དུ་དམིགས་ནས་རྩིས་ཐོ་དང་ཐོན་སྐྱེད་བྱ་ཡུལ་གྱི་དཔང་ཡིག་ལ་ཞིབ་བཤེར་ནན་མོ་བྱེད་པ། ཁྲིམས་འགལ་དྲིལ་སྒྲོག་གཙང་སེལ་བཅས་བྱས་ནས་ཁྲིམས་འགལ་འཛིན་བཟུང་དང་དངོས་ཟོག་འཁོར་རྒྱུག་གི་བགྲོད་ལམ་བཅད།
དེ་དང་མཉམ་དུ། གཞི་རིམ་གྱི་དོ་དམ་སྲུང་སྐྱོབ་རུ་ཁག་བརྟན་པོ་བཙུགས་ཏེ“ཆེད་ལས་ཁྲིམས་འཛིན་དང་མང་ཚོགས་ཀྱིས་སྲུང་སྐྱོང”བྱེད་པའི་མ་ལག་བསྐྲུན། ལས་ཡུལ་དང་པོའི་སྐོར་ཞིབ་དང་ཁུངས་སྣེ་ཡར་ཞུ། སྲིད་ཇུས་དྲིལ་སྒྲོག་བཅས་དམ་འཛིན་བྱས་པ་མ་ཟད། ཁོངས་ཡོངས་ཀྱི་དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་བསྣན་པ་དང་། སྨྱན་བྱེད་དང་ཡོངས་བསྒྲགས། དྲིལ་སྒྲོག་རྒྱུ་ཆ། སྤྱི་ཕན་འཕྲིན་ཐུང་སོགས་བརྒྱུད་དེ་གསེར་ཉ་འཛིན་བཟུང་གཏན་འགོག་གི་སྲིད་ཇུས་ཁྱོན་ཡོངས་སུ་ཁེབས་པ་དང་ཀུན་གྱི་སེམས་སུ་ངེས་རྒྱུར་སྐུལ་འདེད་བཏང་། །