རྒྱལ་སྤྱི། 详情

ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་སྲིད་འཛིན་ཀྲ་ཨེར་ཏ་ལི་དང་ཀྲུང་ཕའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར75ལོན་པར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་སྲིད་འཛིན་ཀྲ་ཨར་ཏ་ལི་དང་ཕན་ཚུན་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུས།

    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་རི་ཆུ་མཉམ་འདྲེས་དང་ལས་དབང་གཅིག་མཐུན་གྱི་གྲོགས་པོ་བཟང་བོ་དང་དུས་རྣམ་ཀུན་གྱི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན། འབྲེལ་བ་བཙུགས་ནས་ལོ་འཁོར75ལོན་པའི་རིང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཛའ་མཐུན་ཐོག་མཐའ་བར་གསུམ་དུ་འགྱུར་མེད་བྲག་རི་ལྟ་བུ་ཡིན། རྒྱལ་ཁབ་གཉིས་ཀྱིས་དུས་ཡུན་རིང་པོར་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། ཆུ་ཚད་མཐོ་བའི་དངོས་སྒྲུབ་མཉམ་ལས། ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་ལས། ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་རོགས་ལས་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་བཙུགས་ཡོད།

     ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། སྲིད་འཛིན་ཀྲ་ཨེར་ཏ་ལི་དང་མཉམ་དུ་འབད་བརྩོན་བྱས་ཏེ། འབྲེལ་བ་བཙུགས་ནས་ལོ་འཁོར75ལོན་པ་གོ་སྐབས་སུ་བཟུང་ནས། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་དང་། སྲོལ་རྒྱུན་མཛའ་མཐུན་རྒྱུན་མཐུད། ཁྱོན་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པར་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་མགྱོགས་མྱུར་སྒོས་བསྐྲུན་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་ཕན་པ་ཐོབ་པར་བྱེད་པ་དང་། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་འདོད་ཡོད།

    ཀྲ་ཨེར་ཏ་ལིས་བསྟན་དོན། ཕ་ཁི་སི་ཐན་དང་ཀྲུང་གོའི་དུས་རྣམ་ཀུན་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཡུན་རིང་ཇེ་བརྟན་དུ་སོང་ནས། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་། འཕེལ་རྒྱས་བཅས་ཀྱི་ཀ་རྟེན་བརྟན་པོ་ཞིག་ཏུ་གྱུར་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་དོན་སྙིང་གཏིང་ཟབ་ལྡན་པའི་འཛམ་གླིང་གི་གྲོས་འགོ་རབ་དང་རིམ་པར་ཚད་མཐོའི་བསྔགས་བརྗོད་བྱེད་བཞིན་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བ་ཟབ་སྤེལ་དང་། དུས་རབས་གསར་པའི་སྔར་ལས་དམ་ཟབ་ཀྱི་ཕ་ཁི་སི་ཐན་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་བློ་བརྟན་འགྱུར་མེད་ངང་མཐོང་ཆེན་གནང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་བར་ཕ་ཁི་སི་ཐན་ཕྱོགས་ཀྱིས་སེམས་གཏིང་ནས་བཀའ་དྲིན་ཞུ་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མུ་མཐུད་དུ་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། ཕ་ཁི་སི་ཐན་དང་ཀྲུང་གོའི་མཛའ་མཐུན་སྔར་བས་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས། ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་དང་། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི"2.0རིམ་སྤོར་པར་གཞི"ཧུར་ཐག་གིས་བསྐྲུན་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དུས་རྣམ་ཀུན་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན།

    ཞ་པ་ཙིས་བསྟན་དོན། ཕ་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བ་ནི་ཕན་ཚུན་ཡིད་ཆེས་དང་། བདག་དབང་འདྲ་མཉམ། ཐུན་མོང་གིས་ཞི་བདེ་དང་འཕེལ་རྒྱས་དོན་གཉེར་བཅས་བྱ་རྒྱུ་རྨང་གཞིར་བྱས་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་ཀྲུང་གོ་དང་ཕ་ཁི་སི་ཐན་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བློ་བརྟན་འགྱུར་མེད་ངང་དོན་གཉེར་བྱས་ནས། ཕ་ཁི་སི་ཐན་དང་ཀྲུང་གོའི་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱུན་ཆད་མེད་པར་བསྐྲུན་རྒྱུ་ཡིན།  །


热门新闻

热门图库

热门排行