སྲིད་དོན། 详情

མཚོ་ལྷོ་ཁུལ་གྱིས2026ལོའི་ཞོད་ཐན་སྔོན་འགོག་བྱ་བའི་བརྙན་རིས་ཚོགས་འདུ་བསྡུས།

 ཟླ5པའི་ཚེས21ཉིན། མཚོ་ལྷོ་ཁུལ་གྱིས2026ལོའི་ཞོད་ཐན་སྔོན་འགོག་བྱ་བའི་བརྙན་རིས་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཞོད་ཐན་སྔོན་འགོག་བྱ་བའི་ཚོགས་འདུའི་དགོངས་དོན་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོའི་མཆན་བཀོད་བླང་བྱར་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། 2025ལོའི་ཁུལ་ཡོངས་ཀྱི་ཞོད་ཐན་སྔོན་འགོག་བྱ་བ་ཁྱབ་བསྒྲགས་དང་ད་ལོའི་ཞོད་ཐན་སྔོན་འགོག་གི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། ཞོད་ཐན་སྔོན་འགོག་གི་གཙོ་གནད་བྱ་བ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའམ་ཞོད་ཐན་སྔོན་འགོག་བྱ་བའི་བཀོད་འདོམས་པུའུ་ཡི་རྒྱུན་ལས་སྤྱིའི་བཀོད་འདོམས་པ་གཞོན་པ་ཁྲེ་ཞང་ཞན་གྱིས་ཚོགས་འདུར་མགོ་འཛིན་བྱས་པ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ། ཞོད་ཐན་སྔོན་འགོག་བྱ་བའི་བཀོད་འདོམས་པུའུ་ཡི་སྤྱིའི་བཀོད་འདོམས་པ་སུན་ཅུན་ཞཱ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་འདུ་ལས2025ལོར་ཁུལ་ཡོངས་ཀྱི་ཞོད་ཐན་སྔོན་འགོག་བྱ་བའི་ཐད་གྲུབ་འབྲས་མངོན་གསལ་བླངས་ཏེ་དྲག་ཆར་འབབ་ཐེངས་མང་པོར་ཁ་གཏད་པའི་བྱ་བ་ལེགས་འགྲུབ་བྱུང་ནས། གནོད་འགོག་གནོད་སེལ་གྱི་ནུས་པ་བརྟན་པོའི་ངང་མཐོར་འདེགས་སུ་བཏང་ཡོད་ལ། ཁུལ་ཡོངས་སུ་མི་འགྱངས་བར་ཞོད་འགོག་གི་དུས་སྐབས་གཙོ་བོ་སླེབས་ལ་ཉེ་བས། གནམ་གཤིས་སྡེ་ཁག་གི་སྔོན་དཔག་ལྟར་ན། ཞོད་དུས་ཁུལ་ཡོངས་ཀྱི་གནམ་གཤིས་རྒྱུན་ལྡན་མིན་པར་ཐན་སྐྱོན་དང་ཞོད་སྐྱོན་སོགས་ཀྱི་གནམ་གཤིས་མི་ལེགས་པ་མང་པོ་འབྱུང་སྲིད་པ་མ་ཟད། རི་ཉིལ་བ་སོགས་ཀྱི་ས་གཤིས་གནོད་འཚེའི་ཉེན་ཁ་ཆེན་པོ་ཡོད་པས།ཞོད་ཐན་སྔོན་འགོག་གི་གནས་བབ་ཛ་དྲག་ཆེ་ལ་རྙོག་འཛིང་ཡིན། རིམ་པ་སོ་སོའི་སྡེ་ཁག་གིས་ངེས་པར་དུ་ལྷོད་གཡེང་དང་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་དོར་ནས།  ཚད་མཐའི་བསམ་གཞིགས་བརྟན་པོར་བཙུགས་ཏེ། ནམ་ཡང་ལྷོད་གཡེང་བྱ་མི་རུང་བའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོར་གཏོང་དགོས་ཞེས་བསྟན།

ཚོགས་འདུ་ལས་རིམ་པ་སོ་སོའི་ཞོད་ཐན་སྔོན་འགོག་བྱ་བའི་ཚོགས་འདུའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་དང་། ཁུལ་དང་རྫོང་། ཤང་།སྡེ་བ་བཅས་རིམ་པ་བཞིའི་སྔོན་འགོག་འགན་འཁྲི་དང་ཞོད་ཐན་སྔོན་འགོག་བྱ་བའི་འགན་འཁྲི་གཙོ་བོ་བཅས་ལག་བསྟར་ནན་མོ་བྱས་ཏེ། ཞོད་ཐན་སྔོན་འགོག་བྱ་བའི་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོར་གཏོང་དགོས། གནད་འགག་གི་ས་ཁུལ་ལ་དོ་སྣང་ཆེན་པོ་བྱས་ཏེ། ཞོད་ཐན་སྔོན་འགོག་བྱ་བའི་བྱེད་ཐབས་སོ་སོ་ལག་བསྟར་བྱ་དགོས་པ་མ་ཟད། ཉེན་ཁའི་བྱུར་རྐྱེན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྐྱོང་བྱེད་པ་དང་། ལྟ་ཞིབ་སྔོན་བརྡའི་ནུས་པ་མཐོར་འདེགས་སུ་གཏོང་བ།འཕྲལ་ཐག་ཆོད་པོའི་སྒོ་ནས་མི་སྣ་གནས་སྤར་ཏེ་ཉེན་གཡོལ་བྱེད་པ་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས་པ་དང་། གཙོ་གནད་ས་ཁུལ་དང་རྨང་གཞིའི་སྒྲིག་ཆས་ལ་དོ་དམ་ནན་མོ་བྱས་ཏེ། ཤི་རྨས་ཀྱི་དོན་རྐྱེན་མི་འབྱུང་བའི་མཚམས་ཐིག་བརྟན་སྲུང་བྱ་དགོས། འགན་འཁྲིའི་སྦྲེལ་ཐག་ལ་གཞིགས་ནས་རིམ་པ་སོ་སོའི་མགོ་ཁྲིད་ཀྱི་འགན་འཁྲི་ལག་བསྟར་བྱེད་པ་དང་། དངོས་འཐབ་རང་བཞིན་གྱི་འཕྲལ་སྡོམ་འཁྲབ་སྦྱོང་རྒྱུན་རྣམ་ཅན་དུ་སྤེལ་བ། འཕྲལ་སྡོམ་རོགས་སྐྱོར་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། རོགས་སྐྱོར་གྱི་སྟོབས་ཤུགས་དང་དངོས་རྫས། སྒྲིག་ཆས་བཅས་སྔ་མོ་ནས་བཀོད་སྒྲིག་བྱས་ཏེ། གནོད་འགོག་གནོད་སེལ་གྱི་རྨང་གཞིའི་སྒྲིག་ཆས་མགྱོགས་པོར་འཐུས་ཚང་དུ་གཏོང་དགོས། དུས་ཚོད24རིང་ལ་ལས་རེས་བྱེད་པ་དང་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ལས་རེས་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། གནོད་འཚེའི་ཆ་འཕྲིན་སྙན་སེང་ཞུ་བའི་གོ་རིམ་ཚད་ལྡན་དུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲིའི་འདྲི་རྩད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་གང་ལེགས་བྱ་དགོས་པའི་རེ་བ་བཏོན། རྫོང་སོ་སོའི་སྲིད་གཞུང་གི་ལས་བགོས་འགན་འཁུར་བློ་མཐུན་དང་།ཁུལ་དང་རྫོང་གི་ཞོད་ཐན་སྔོན་འགོག་བཀོད་འདོམས་པུའུ་ཡི་ཁོངས་གཏོགས་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།


热门新闻

热门图库

热门排行