རང་ཁུལ་གྱིས་དམངས་བདེ་ཐང་ལ་འགན་སྲུང་ནནན་མོ་བྱས་པ།
བདེ་ཐང་མཚོ་སྔོན·བདེ་སྐྱིད་མཚོ་ལྷོ་འཛུགས་སྐྲུན་བྱེད་པའི་གོ་རིམ་གལ་ཆེན་ཞིག་ཡིན་པའི་ཆ་ནས། མཚོ་ལྷོ་ཁུལ་གྱིས2026-2027ལོའི་རེས་སྐོར་གསུམ་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ལ་རིན་མེད་ངང་ལུས་ཕུང་བརྟག་དཔྱད་བྱེད་པའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་། ནད་བརྟག་སྨན་བཅོས་ནས་ནད་གཞི་སྔོན་འགོག་བྱེད་པའི་བར། བདེ་ཐང་གི་དམངས་ཕན་གྱི་བཟོ་སྐྲུན་གཞི་རིམ་དུ་ཁ་ཕྱོགས་ནས། ཁུལ་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་རང་ཁྱིམ་སྒོ་ཁར་བདེ་ཐང་གི་ཕན་ཁེ་མྱོང་ཐུབ་པར་བྱས།
ཟླ5པའི་ཚེས13ཉིན། གུང་ཧོ་རྫོང་ཆབ་ཆ་གྲོང་བརྡལ་འཕྲོད་བསྟེན་ཁང་དུ་ལུས་ཕུང་བརྟག་དཔྱད་བྱེད་དུ་འོང་པའི་མང་ཚོགས་རྒྱུན་ཆད་མེད་པ་དང་། སྣེ་ཁྲིད་མི་སྣའི་ཁྲིད་སྟོན་འོག་ཚང་མས་གོ་རིམ་ལྡན་པའི་ངང་ཐོ་འགོད་བྱེད་པ་དང་། ཁྲག་ལེན་པ། Bཁྲའོ་ཡི་བརྟག་དཔྱད། སྙིང་རིས་བརྟག་དཔྱད་སོགས་ཀྱི་རྣམ་གྲངས་རེ་རེར་ཞུགས་ཀྱིན་འདུག
གུང་ཧོ་རྫོང་ཆབ་ཆ་གྲོང་བརྡལ་གྱི་མང་ཚོགས་ཀྲང་ཀའེ་ལེན་གྱིས་བཤད་རྒྱུར། སྔོན་ཆད་རང་ཉིད་ཀྱིས་རིན་བྱིན་ནས་ལུས་ཕུང་བརྟག་དཔྱད་བྱེད་དགོས་ལ། ད་ལྟ་ལུས་ཕུང་བརྟག་དཔྱད་བྱེད་པར་རིན་མི་དགོས་པར་མ་ཟད་ད་དུང་པར་ཡང་ལེན་ཐུབ་ལ་རིན་ཅི་ཡང་མི་ལེན་པས། འདི་ནི་ངོ་མ་དམངས་ཕན་གྱི་བྱ་གཞག་ཅིག་རེད་ཟེར།
སྐོར་ཐེངས་འདིའི་ལུས་ཕུང་བརྟག་དཔྱད་བྱེད་པར་གཅིན་ལ་བརྟག་པ་དང་མཆིན་པ་དང་མཁལ་མའི་ནུས་པར་བརྟག་དཔྱད་བྱེད་པ། བྲང་ཁོག་ལ་བརྟག་དཔྱད་བྱེད་པ་སོགས་རྨང་གཞིའི་རྣམ་གྲངས་འདུས་པར་མ་ཟད། གནད་འཁེལ་ཅན་གྱི་ཞབས་ཞུ་དེ་བས་ཀྱང་འབུར་དུ་ཐོན་པར་བྱས་ཡོད། རྒན་པ་དང་སྦྲུམ་མ། བྱིས་པ། ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར་སོགས་དལ་བའི་རང་བཞིན་གྱི་ནད་ཕོག་པའི་ཚོགས་སྤྱིར་དམིགས་ནས་རང་གཤིས་ཅན་གྱི་གྲལ་བཤེར་ཇུས་གཞི་བཏོན་ཡོད་ལ། བརྟག་དཔྱད་མཇུག་འབྲས་ཁྲོད་རྒྱུན་ལྡན་མིན་པའི་ཚད་གཞིར་བརྟག་དཔྱད་དང་ལྡོག་འདྲེན། ཐེ་གཏོགས་ཀྱི་གདུབ་ཟུམ་ལམ་སྲོལ་བཙུགས་ནས་སྔོན་ལ་ཤེས་པ་དང་སྔོན་ལ་ཐེ་གཏོགས་བྱེད་པར་ཁག་ཐེག་བྱས།
གུང་ཧོ་རྫོང་ཆབ་ཆ་གྲོང་བརྡལ་འཕྲོད་བསྟེན་ཁང་གི་གཙོ་བཅོས་སྨན་པ་བདེ་སྐྱིད་མཚོས་བཤད་རྒྱུར།ང་ཚོས་ལུས་ཕུང་བརྟག་དཔྱད་དང་ནད་རིགས་གཉིས་ཀྱི་མཉམ་འགུལ་དོ་དམ་ལག་བསྟར་བྱས་ནས། བརྟག་དཔྱད་མཇུག་འབྲས་ཁྲོད་ཤེས་རྟོགས་བྱུང་བའི་ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར་གྱི་ནད་ཕོག་མཁན་དེ་དལ་ནད་ཀྱི་འགྲོ་ལུགས་སྒྲུབ་པའི་ཚད་གཞིར་མ་སླེབས་ཚེ། ང་ཚོས་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་གཞིར་བཟུང་ནས་ནད་རིགས་གཉིས་ཀྱི་དོ་དམ་ནང་བཞག་སྟེ་སྨན་རིན་མི་དགོས་པར་སྨན་བྱིན་ཆོག་པ་ཡིན། གཅིན་པ་མངར་འགྱུར་གྱི་ནད་དང་ཁྲག་ཤེད་མཐོ་བའི་ནད་པར་ལོ་རེར་སྨན་རིན་མི་དགོས་པར་སྒོར400དང་སྒོར600ཡི་སྨནསྤྲད་ཆོག་པ་དང་། གལ་ཏེ་དུས་མཉམ་དུ་ནད་རིགས་གཉིས་ཕོག་ཡོད་ཚེ་ལོ་རེར་སྨན་རིན་མི་དགོས་པར་སྒོར1000ཡི་སྨན་སྤྲད་ཆོག་ཟེར།
གུང་ཧོ་རྫོང་ཆབ་ཆ་གྲོང་བརྡལ་འཕྲོད་བསྟེན་ཁང་གི་ནད་གཡོག་མ་ཏུའུ་ཅཱ་ཡིས་བཤད་རྒྱུར། ལུས་ཕུང་བརྟག་དཔྱད་བྱེད་པའི་བརྒྱུད་རིམ་ཁྲོད་དུ། འགྲོ་འདུག་སྟབས་བདེ་མིན་པའི་མང་ཚོགས་ལ་དམིགས་ནས། ང་ཚོས་ཁྱིམ་ཚང་དུ་སོང་ནས་བརྟག་དཔྱད་བྱེད་པ་དང་ནད་བརྟག་རྒྱུས་ལོན་བྱེད་པའི་བྱེད་ཐབས་སྤྱད་དེ་ཞབས་ཞུ་མང་ཚོགས་ཀྱི་གམ་དུ་བསྐྱལ་ནས། ངེས་པ་དོན་གྱིས་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་དོནད་གཞིར་སྨན་བཅོས་ཡོད་པ་ནས་སྨན་བཅོས་བཟང་པོ་བྱེད་པའི་བར་དང་། དེ་ནས་ད་ལྟའི་ནད་གཞིར་སྔོན་འགོག་བྱེད་པའི་བར། མཚོ་ལྷོ་ཁུལ་གྱིས་བྱེ་བྲག་གི་དམངས་ཚིས་བྱེད་ཐབས་རེ་རེར་བརྟེན་ནས། དམངས་ཡོངས་ཀྱི་བདེ་ཐང་ལ་འགན་ལེན་ལེགས་པོ་བྱས་ཏེ་བདེ་ཐང་མཚོ་སྔོན་དང་བདེ་སྐྱིད་མཚོ་ལྷོ་ཡི་རྨང་གཞི་སྲ་བརྟན་དུ་བཏང་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྔར་ལས་མཐོར་འདེགས་སུ་བཏང་ཡོད།