གནས་ཚུལ། 详情

ཞིན་ཧེ་རྫོང་དུ་དམག་དམངས་སེམས་པ་གཅིག་ཏུ་བསྒྲིལ་ནས་སྔོ་ལྗང་གི་རི་ཆུར་སྲུང་སྐྱོང་བྱས།

ཞིན་ཧེ་རྫོང་དུ་མི་དམངས་ཉེན་རྟོག་པ་དང་སྐྱེ་ཁམས་བདག་སྐྱོང་པས་དཔུང་བ་མཉམ་གཤིབ་ཀྱིས་རྒྱུན་རྣམ་ཅན་གྱི་སྲུང་སྐྱོང་དང་ཕྱོགས་སོ་སོའི་སྔོན་འགོག་ཚོད་འཛིན།  གནད་འཁེལ་ཁྲིམས་འཛིན་བཅས་ལ་བརྟེན་ནས་རྩྭ་ཐང་དང་རི་བོ།  ནགས་ཚལ།  ཆུ་བོ་དང་མཚེའུ།  བརླན་ས་བཅས་ལ་སྲུང་སྐྱོང་བྱས་ཏེ།  མི་དམངས་ཉེན་རྟོག་པའི་འགན་འཁྲིའི་འཁུར་སེམས་ལག་ལེན་དུ་བསྟར་ནས།  མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་ཇེ་བརྟན་དུ་བཏང་།  

མིག་སྔར་ནི་ཧང་གཞུང་ནགས་ཁུལ་དུ་རྩྭ་རྩི་ཤིང་རྒྱས་པའི་དུས་སུ་སླེབས་ཡོད་ལ།  ཞོགས་པར་ཞིན་ཧེ་རྫོང་སྤྱི་བདེ་ཅུའུ་ཡི་འབྲོང་འཐུས་དམག་ནུས་སྲུང་སྐྱོབ་ཡན་ལག་ས་ཁུལ་གྱི་ནགས་ཚལ་སྤྱི་བདེ་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་པའི་ལག་རོགས་པས་སྒྲིག་ཆས་གྲ་སྒྲིག་བྱས་ཏེ་མཉམ་དུ་འཛོམས་ནས་ལམ་དུ་ཆས་ཤིང་།  ཁོང་ཚོ་དང་མཉམ་དུ་ད་དུང་ཧང་གཞུང་ནགས་ཁུལ་གྱི་སྐྱེ་ཁམས་བདག་སྐྱོང་པ་མང་པོ་ཡང་ཡོད་པ་རེད།  

ཞིན་ཧེ་རྫོང་སྤྱི་བདེ་ཅུའུ་ཡི་འབྲོང་འཐུས་དམག་ནུས་སྲུང་སྐྱོབ་ཡན་ལག་ས་ཁུལ་གྱི་ནགས་ཚལ་སྤྱི་བདེ་མངག་གཏོང་ཁང་གི་མགོ་གཙོ་རྟ་མགྲིན་རྒྱལ་གྱིས་བཤད་རྒྱུར།

དེ་རིང་ང་ཚོས་ཧང་གཞུང་ནགས་ཁུལ་འདི་ནས་གཙོ་བོ་གནས་འདིར་རི་སྐྱེས་སྲོག་ཆགས་ཡོད་མེད་དང་ཡང་ན་སྒྲིག་འགལ་གྱིས་མེ་སྤྱོད་པའི་གནས་ཚུལ་འདི་རིགས་ཡོད་མེད་ལ་སྐོར་ཞིབ་བྱེད་རྒྱུ་དེ་ཡིན།  དེ་རིང་ང་ཚོ་ནགས་ཚལ་སྤྱི་བདེ་ཅུའུ་ཡི་འབྲོང་འཐུས་དམག་ནུས་སྲུང་སྐྱོབ་མངག་གཏོང་ཁང་གི་མི་སྣ་ཡོད་ལ།  བདག་སྐྱོང་པའི་དཔུང་སྡེ་ཡང་ཡོད་པས།  གནས་འདིར་སྒྲིག་འགལ་གྱིས་མེ་སྤྱོད་པའི་གནད་དོན་འདིའི་རིགས་ཡོད་མེད་ཀྱི་གནས་ཚུལ་གཙོར་བཟུང་ནས་སྐོར་ཞིབ་བྱ་དགོས།

སྐོར་སྲུང་བྱེད་པའི་ལམ་བར་དུ་མི་དམངས་ཉེན་རྟོག་པ་དང་སྐྱེ་ཁམས་བདག་སྐྱོང་པས་ནགས་ཁུལ་གྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་ཞིབ་ཚགས་བྱས་ཏེ།  ཤིང་སྡོང་གི་སྐྱེ་ཚད་དང་རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་རྗེས་ཤུལ་བཅས་གཙོ་གནད་དུ་བཟུང་ནས་ལྟ་ཞིབ་བྱས་པར་མ་ཟད།  སྒྲིག་འགལ་ངང་མེ་སྤྱོད་པ་དང་གང་བྱུང་དུ་ཤིང་སྡོང་གཅོད་པ་སོགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས་ནས།  ཞིབ་ཕྲའི་སྒོ་ནས་ཕྱོགས་སོ་སོར་སྐོར་ཞིབ་བྱས།

ཞིན་ཧེ་རྫོང་སྤྱི་བདེ་ཅུའུ་ཡི་འབྲོང་འཐུས་དམག་ནུས་སྲུང་སྐྱོབ་ཡན་ལག་ས་ཁུལ་གྱི་ནགས་ཚལ་སྤྱི་བདེ་མངག་གཏོང་ཁང་གི་མགོ་གཙོ་རྟ་མགྲིན་རྒྱལ་གྱིས་བཤད་རྒྱུར། བཅག་ཟིན་པའི་སྡོང་བོ་འདིའི་རིགས་ནི་དཔེར་ན་དྲག་ཆར་བབས་རྗེས་རང་ཤུགས་ཀྱིས་ཆག་པའམ་ཡང་ན་འདི་ཉེ་ཆར་ཐོབ་པའི་གནས་ཚུལ་གསར་ཤོས་ཡིན་མིན་ལ་བལྟ་དགོས།  གལ་ཏེ་ཡོད་ན་ང་ཚོས་དུས་ཐོག་ཏུ་ས་གནས་དེ་གའི་ནགས་རར་སྙན་སེང་ཞུས་ནས་དོ་དམ་པ་རྣམས་ལ་གནས་ཚུལ་འདི་རིགས་གཙོ་གནད་དུ་བཟུང་ནས་སྐོར་ཞིབ་བྱེད་དུ་བཅུག་པ་ཡིན། 

དམག་དམངས་མཉམ་འབྲེལ་གྱིས་ས་ཁོངས་ཡོངས་སུ་སྐོར་ཞིབ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་བྱས་ཤིང་།  དེང་སྐབས་ཀྱི་ཧང་གཞུང་ནགས་ཁུལ་དུ་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་། རི་སྐྱེས་སྲོག་ཆགས་ཡང་ཡང་མཐོང་རྒྱུ་ཡོད་པ་དེ་ལས་སྐྱེ་ཁམས་བདག་སྐྱོང་པ་ཚོས་ལོ་ཧྲིལ་པོར་བརྟན་སྲུང་དང་བློ་རྩེ་གཅིག་སྒྲིམ་ངང་སྲུང་སྐྱོང་བྱས་པ་དང་ཁ་འབྲལ་ཐབས་མེད།

ཞིན་ཧེ་རྫོང་ཧང་གཞུང་ནགས་རའི་དོ་དམ་པ་ཡེ་ཀུའོ་ཧྥུའུ་ཡིས་བཤད་རྒྱུར།  ང་ཆུང་དུས་ནས་གནས་འདིར་འཚར་ལོངས་བྱུང་བ་དང་སྔོན་ཆད་ང་ཚོའི་རི་ཁུལ་དུ་ཅི་ཡང་མེད།  གང་སར་རྡོ་སེག་གིས་ཁེངས་འདུག   དེང་སྐབས་ནགས་ཚལ་སྲུང་སྐྱོང་བྱས་ཚུལ་སྔར་ལས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་ང་ཚོའི་སྐྱེ་ཁམས་བདག་སྐྱོང་པ12ཀྱིས་ཉིན་རྒྱུན་དེ་གར་སྲུང་སྐྱོང་བྱེད་ཀྱི་ཡོད་ལ། དེང་སྐབས་ཤྭ་བ་དང་རི་བོང་།  རི་བྱ་སོགས་ཡང་ཡང་མཐོང་རྒྱུ་ཡོད་པས་ད་ལྟ་ང་ཚོས་ཁྱིམ་གཞིས་སྲུང་སྐྱོང་བྱས་པ་སྔར་བས་ལེགས་ཤིང་ཁོར་ཡུག་ཀྱང་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་རེད།  

2023ལོར་སྐྱེ་ཁམས་སྐོར་སྲུང་རུ་ཁག་འབྲིང་བ་བཙུགས་པ་ནས་བཟུང་། མངག་གཏོང་ཁང་གིས་མཁའ་དབྱིངས་དང་ས་ངོས་སུ་སྐོར་སྲུང་བྱེད་པའི་རྣམ་པ་གསར་སྤེལ་བྱས་ཏེ།མི་མེད་གནམ་གྲུའི་རིག་ནུས་སྐོར་ཞིབ་དང་རྒྱུན་རྣམ་ཅན་གྱི་ལམ་ངོས་སྐོར་ཞིབ་ལ་བརྟེན་ནས། མངའ་ཁུལ་གྱི་ཆུ་ལམ་དང་རྩྭ་ཐང་། རི་བོ། ནགས་ཚལ་བཅས་ཀྱི་གཙོ་གནད་ས་ཁུལ་ལ་གྲལ་བཤེར་བྱས་པ་རེད། 2025ལོའི་ཚུན་ལ། བསྡོམས་པས་སྐྱེ་ཁམས་སྐོར་ཞིབ་ཐེངས30ལྷག་ཙམ་ལ་སྤེལ་ཏེ་  གཙོ་གནད་ས་ཁོངས60ལྷག་ལ་གྲལ་བཤེར་བྱས་པས། ཁྲིམས་འགལ་ངང་རི་དྭགས་རྔོན་པའི་ཡོ་ཆས་དང་སྒྲིག་འགལ་ངང་མེ་བཀོལ་སྤྱོད་བྱེད་པའི་བྱུར་རྐྱེན་ས་ཁུལ80ལྷག་ཙམ་ལ་གཙང་སེལ་བྱས། སྐྱེ་ཁམས་ཀྱི་ཉེན་ཁར་གནད་འཁེལ་སྒོས་སྔོན་འགོག་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཟོ་བའི་ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་ནན་མོ་བཏང་སྟེ་སྐྱེ་ཁམས་ཀྱི་མཐའ་ཚད་མགོ་ཁུངས་ནས་སྲུང་སྐྱོང་བྱས་ཡོད།

 ཞིན་ཧེ་རྫོང་སྤྱི་བདེ་ཅུའུ་ཡི་འབྲོང་འཐུས་དམག་ནུས་སྲུང་སྐྱོབ་ཡན་ལག་ས་ཁུལ་གྱི་ནགས་ཚལ་སྤྱི་བདེ་མངག་གཏོང་ཁང་གི་མགོ་གཙོ་རྟ་མགྲིན་རྒྱལ་གྱིས་བཤད་རྒྱུར། 2023ལོར་བཙུགས་པ་ནས་བཟུང་། ང་ཚོའི་སྐྱེ་ཁམས་སྐོར་སྲུང་རུ་ཁག་འབྲིང་བས་སྐྱེ་ཁམས་སྲུང་སྐྱོང་གི་བྱ་བའི་བླང་བྱ་ཁག་དོན་འཁྱོལ་ནན་མོ་བྱས་ཏེ། མཚོ་དང་སྐམ་ས། མཁའ་དབྱིངས་བཅས་ཕྱོགས་གསུམ་ཟུང་འབྲེལ་སྒོས་སྐྱེ་ཁམས་སྐོར་ཞིབ་ཀྱི་བྱ་བ་རྒྱུན་པར་སྤེལ་བ་ཡིན། མི་མེད་གནམ་གྲུའི་རིག་ནུས་སྐོར་ཞིབ་དང་རྒྱུན་རྣམ་ཅན་གྱི་ལམ་ངོས་སྐོར་ཞིབ་ལ་བརྟེན་ནས། ཁོངས་གཏོགས་ཁུལ་གྱི་ཆུ་ལམ་དང་རྩྭ་ཐང་། ནགས་རི་སོགས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་ཉེན་ཁའི་བྱུར་རྐྱེན་ལ་གྲལ་བཤེར་བྱས་པ་ཡིན། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་གཏོང་བ་དང་ཆབས་ཅིག རྒྱུན་གཏན་གྱི་སྐྱེ་ཁམས་སྐོར་ཞིབ་དང་འབྱུང་རྩའི་དོ་དམ་ཚོད་འཛིན། དྲིལ་སྒྲོག་ཁྲིད་སྟོན་གྱི་ལས་དོན་ཁག་བཅས་ལེགས་པོར་སྒྲུབ་དགོས། འབྱུང་རྩ་ནས་སྐྱེ་ཁམས་ཀྱི་མཐའ་ཚད་སྲུང་སྟེ་རྨ་ཆུའི་ཆུ་མགོ་དང་ས་མཐོའི་རྩྭ་རའི་སྐྱེ་ཁམས་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱས་ནས། སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་མོར་སྲུང་སྐྱོང་བྱ་རྒྱུ་ཡིན་ཟེར།

 རི་ཁྲོད་སྐོར་ཞིབ་ནས་ཚན་རྩལ་གྱི་སྔོན་འགོག་ཚོད་འཛིན་བར་དང་། མཉམ་འབྲེལ་ཁྲིམས་འཛིན་ནས་རྒྱུན་རྣམ་སྲུང་སྐྱོང་བར། ཞིན་ཧེ་སྤྱི་བདེ་དང་དོ་དམ་སྲུང་སྐྱོང་པས་ཉེན་རྟོག་པ་དང་མང་ཚོགས་ཀྱི་བློ་སེམས་གཅིག་སྒྲིལ་སྒོས་སྐྱེ་ཁམས་སྲུང་སྐྱོང་གི་ཡུལ་དངོས་གཙོ་བོ་བརྟན་སྲུང་དང་བྱ་སྤྱོད་དངོས་ཀྱི་སྟེང་ནས་གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོང་བྱས་ཏེ། ས་མཐོའི་སྔོ་ལྗང་གི་རི་ཀླུང་རྟག་ཏུ་བརྟན་པ་དང་དྭངས་གཙང་གི་ཆུ་རྒྱུན་རིང་བ། ཚེ་སྲོག་འཆམ་མཐུན་མཉམ་གནས་ཡོང་བ་བཅས་ལ་འབད་པ་བྱེད་བཞིན་ཡོད། 


热门新闻

热门图库

热门排行