གནད་བསྡུས། 详情

མཚོ་སྔོན་སྤྱི་བདེ་ཡིས་མཐོ་རྒྱུགས་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་ལེན་པའི“ལྗང་མདོག་བགྲོད་ལམ”བཏོད་པ།

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་གློ་བུར་དུ་མི་རྙེད་པ་དང་། ཆག་གྲུམ་ཤོར་བ་ཡིན་ན་ཇི་ལྟར་བྱེད་དགོས། དེ་རིང་ནས་མཐོ་རྒྱུགས་མཇུག་རྫོགས་པའི་བར་དུ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མཐོ་རྒྱུགས་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་རེ་ཞུ་བྱེད་པའི"ལྗང་མདོག་བགྲོད་ལམ"ཕྱོགས་ཡོངས་ནས་ཤར་གཏོང་བྱེད་མགོ་བརྩམས་པ་དང་། བྱེད་ཐབས་སྣ་མང་སྤྱད་དེ་ལག་ཁྱེར་ལེན་པའི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་ཚོས་བདེ་བླག་ངང་རྒྱུགས་སྤྲོད་ཐུབ་པར་འགན་སྲུང་བྱ་རྒྱུ་རེད།

     ཞིང་ཆེན་ཡོངས་ཀྱི་མངགས་གཏོང་ཁང་དང་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་ལས་སྒྲུབ་སྒེའུ་ཁུང་སོ་སོས་མཐོ་རྒྱུགས་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་ལེན་སའི་ལས་སྒྲུབ་སྒེའུ་ཁུང་བཙུགས་ནས། དུས་འགྱངས་ཞབས་ཞུ་དང་།  སྔོན་མངགས་ཞབས་ཞུ་སོགས་ལག་བསྟར་བྱས་ཏེ། རྒྱུགས་སྤྲོད་སློབ་མར་ཉིན་དེར་ལས་སྒྲུབ་བྱེད་པ་དང་། ཉིན་དེར་ཞིབ་བཤེར་ཆོག་མཆན་འགོད་པར་འགན་ལེན་གང་ཐུབ་བྱ་རྒྱུ་རེད། བདག་སྤྲོད་བྱས་རྗེས་དུས་ཐོག་ཏུ་བཟོ་སྐྲུན་ལྟེ་གནས་དང་འབྲེལ་མཐུད་བྱས་ཏེ། རྒྱུགས་སྤྲོད་སློབ་མར་ཐོབ་ཐང་ལག་ཁྱེར་སྦྲག་བསྐུར་བྱེད་པར་ཁྲིད་སྟོན་བྱས་ནས། རྒྱུགས་སྤྲོད་སློབ་མས་དུས་ཡུན་ཐུང་ངུའི་ནང་ཐོབ་ཐང་ལག་ཁྱེར་ལེན་ཐུབ་པར་འགན་ལེན་བྱ་རྒྱུ་རེད།

     ལག་ཁྱེར་སྒྲུབ་གཉེར་འཁོར་རྒྱུགས་ཀྱི་ལས་རིམ་ལེགས་སྒྱུར་བྱས་ནས། ཞིང་ཆེན་སྤྱི་བདེ་ཐིང་གི་ཐོབ་ཐང་ལག་ཁྱེར་པར་འདེབས་ལྟེ་གནས་ཀྱིས་ཉིན་དེ་ནས་བཟུང་ས་གནས་སོ་སོས་གོང་ཞུ་བྱས་པའི་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་སྒྲུབ་གཉེར་ཆ་འཕྲིན་་གྱི་གཞི་གྲངས་ལ་སྔོན་ལ་ཞིབ་བཤེར་དང་། སྔོན་ལ་བསྡུ་སྒྲིལ། སྔོན་ལ་པར་འདེབས། སྔོན་ལ་སྐུར་སྐྱེལ་བཅས་བྱ་རྒྱུ་རེད། དམིགས་བསལ་གྱིས་དགོས་མཁོ་ཆེ་བའི་རྒྱུགས་སྤྲོད་སློབ་མར་ཐེམ་ཐོའི་མི་དམངས་ཉེན་རྟོག་པ་དང་པར་འདེབས་ལྟེ་གནས་དབར་འབྲེལ་གཏུག་བྱས་རྗེས་རང་ཉིད་དམ་ཡང་ན་མངག་བཅོལ་མི་ཡིས་ཐོབ་ཐང་ལག་ཁྱེར་ལེན་པའི་དཔང་ཡིག་ཁྱེར་ནས་ཞིང་ཆེན་གྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་པར་འདེབས་ལྟེ་གནས(ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་རིག་གནས་སྲང་ལམ་ཨང22) ནས་ཐད་ཀར་ཐོབ་ཐང་ལག་ཁྱེར་ལེན་དགོས།

   འཕྲལ་བསྟུན་འགན་ལེན་བགྲོད་ལམ་ཤར་གཏོང་བྱས་ཏེ། རྒྱུགས་སྤྲོད་སྐབས་སུ་ཐོབ་ཐང་ལག་ཁྱེར་བོར་བརླག་བྱུང་བས་གནས་སྐབས་ཐོབ་ཐང་ལག་ཁྱེར་ལེན་པར་རེ་ཞུ་བྱས་པའི་རྒྱུགས་སྤྲོད་སློབ་མར་མྱུར་དུ་ལག་ཁྱེར་ལེན་ཐུབ་པའི་ལམ་སྲོལ་ལག་བསྟར་བྱས་ཏེ། ཡུལ་དངོས་ནས་བདག་སྤྲོད་དང་། ཡུལ་དངོས་ནས་ལས་སྒྲུབ། ཡུལ་དངོས་ནས་ལེན་པ་བཅས་ཀྱི་གཅིག་འཐུས་རྣམ་པའི་ཞབས་ཞུ་མཁོ་འདོན་བྱས་ཏེ། རྒྱུགས་སྤྲོད་སློབ་མ་དུས་ཐོག་ཏུ་མཐོ་རྒྱུགས་ལ་ཞུགས་ཐུབ་པར་འགན་ལེན་བྱེད་རྒྱུ་རེད། དེ་དང་མཉམ་དུ། ཁོངས་གཏོགས་ཁུལ་གྱི་རྒྱུགས་སྤྲོད་ས་གནས་ཀྱི་བཀོད་སྒྲིག་གནས་ཚུལ་ལ་རྒྱུས་ལོན་བྱས་ནས། “གནས་སྐབས་ཀྱི་ཐོབ་ཐང་ལག་ཁྱེར་འཕྲལ་སྒྲུབ་སྒྲུབ་གཉེར་ས་ཚིགས”བཙུགས་ཏེ། རྒྱུགས་སྤྲོད་སྔོན་ལ་ཐོབ་ཐང་ལག་ཁྱེར་ལ་གཏོར་སྐྱོན་ཕོག་པ་དང་བོར་བརླག་སོང་བའི་རྒྱུགས་སྤྲོད་སློབ་མར་ཡུལ་དངོས་ནས་ཐོབ་ཐང་ཞིབ་བཤེར་དང་། གནས་སྐབས་ཀྱི་ཐོབ་ཐང་ལག་ཁྱེར་སྤྲོད་པའི་ཞབས་ཞུ་མཁོ་འདོན་བྱས་ཏེ། རྒྱུགས་སྤྲོད་སློབ་མས་དུས་ཐོག་ཏུ་རྒྱུགས་སྤྲོད་ཐུབ་པར་འགན་ལེན་བྱ་རྒྱུ་རེད།  །


热门新闻

热门图库

热门排行