མཚོ་སྔོན་ནས་ཧུ་ནན་བར་གྱི་ཆེས་མཐོའི་གློག་གནོན་བཟོ་སྐྲུན་གྱི་གློག་སྐྱེལ་ཚད་དུས་ཚོད་སྟོང་ཝ་དུང་ཕྱུར1000ལས་བརྒལ་བ།
ཟླ5པའི་ཚེས17ཉིན་བར། མཚོ་སྔོན་ནས་ཧུ་ནན་བར་གྱི་སྟོང་ཧྥུ±800ཡི་ཆེས་མཐོའི་གློག་གནོན་ཐད་རྒྱུགས་གློག་འདྲེན་བཟོ་སྐྲུན(གཤམ་དུ་མཚོ་སྔོན་ནས་ཧུ་ནན་བར་གྱི་ཆེས་མཐོའི་གློག་གནོན་བཟོ་སྐྲུན་ཞེས་བསྡུ་རྒྱུ)གྱི་གློག་སྐྱེལ་ཚད་རིམ་རྩིས་བྱས་ན་ཆུ་ཚོད་སྟོང་ཝ་དུང་ཕྱུར1000ལས་བརྒལ་ཏེ་ཆུ་ཚོད་སྟོང་ཝ་དུང་ཕྱུར1000.17ལ་སླེབས་པ་དེས། ཧྭ་ཀྲུང་ས་ཁུལ་གྱི་ནུས་ཁུངས་མཁོ་འདོན་ལ་འགན་སྲུང་དང་རྒྱལ་ཡོངས་ཀྱི་ཐཱན་གཉིས་དམིགས་འབེན་དོན་འཁྱོལ་བྱེད་པར་སྒུལ་ཤུགས་ཆེན་པོ་བསྣན།
མཚོ་སྔོན་ནས་ཧུ་ནན་བར་གྱི་ཆེས་མཐོའི་གློག་གནོན་བཟོ་སྐྲུན་ནི་འཛམ་གླིང་སྟེང་ཆེད་དུ་ནུས་ཁུངས་གཙང་མ་ཕྱིར་གཏོང་བྱ་ཆེད་བསྐྲུན་པའི་ཆེས་མཐོའི་གློག་གནོན་བརྒྱུད་ལམ་ཐོག་མ་ཡིན་ལ། བཟོ་སྐྲུན་དེ་རང་སྟེང་གི་ནུས་ཁུངས་གཙང་མའི་གསབ་རེས་ནུས་པར་བརྟེན་ནས་རང་རྐྱ་འཕེར་བའི་སྒོ་ནས་གློག་འདོན་ཐུབ་པས། རང་རྒྱལ་གྱི་ཆེས་མཐོའི་གློག་གནོན་ལག་རྩལ་བེད་སྤྱོད་དེ་ནུས་ཁུངས་གསར་པ་གཞི་ཁྱོན་ཆེན་པོའི་སྒོ་ནས་གསར་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བའི་གསར་གཏོད་གལ་ཆེན་ཞིག་ཀྱང་ཡིན། ནུབ་བྱང་གི་ནུས་ཁུངས་གསར་པའི་རྟེན་གཞི་དང་ཧྭ་ཀྲུང་གི་ཐེག་ཚད་ལྟེ་གནས་གཉིས་འབྲེལ་མཐུད་བྱེད་པའི་ལྗང་གློག་རྒྱུད་ལམ་གཙོ་བོ་ཞིག་ཡིན་པའི་ཆ་ནས། བཟོ་སྐྲུན་དེ་མཚོ་ལྷོ་ཁུལ་ནས་ཧུ་ནན་ཞིང་ཆེན་གྱི་ཀྲུའུ་མཱ་ཏེན་གྲོང་ཁྱེར་བར་ཡིན་ཞིང་། མཚོ་སྔོན་དང་ཀན་སུའུ། ཧྲའན་ཞི། ཧུ་ནན་བཅས་ཞིང་ཆེན་བཞི་བརྒྱུད་ཡོད་པ་དང་། མཚོ་ལྷོ་དང་ཀྲུའུ་མཱ་ཏེན་དུ་གློག་ནུས་བརྗེ་སྒྱུར་ས་ཚིགས་གསར་སྐྲུན་བྱས་ཡོད་ལ། ལམ་ཐིག་ཧྲིལ་པོར་སྤྱི་ལེ1589ཡོད།
རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིའི་འབྲེལ་ཡོད་བསྡོམས་རྩིས་གཞི་གྲངས་ལྟར་ན། མཚོ་སྔོན་ནས་ཧུ་ནན་བར་གྱི་ཆེས་མཐོའི་གློག་གནོན་གྱིས་ནུས་ཁུངས་གཙང་མའི་གློག་ཕྱིར་སྐྱེལ་ཚད་རིམ་རྩིས་བྱས་ན་དུས་ཚོད་སྟོང་ཝ་དུང་ཕྱུར་སྟོང་ལ་སླེབས་ཡོད་དེ་ཚད་ལྡན་རྡོ་སོལ་བསྲེགས་ཚད་ཏུན་ཁྲི3500ལྷག་ཇེ་ཉུང་དང་དབྱང་གཉིས་ཐཱན་རྫས་འབུད་ཚད་ཏུན་ཁྲི9600ལྷག་ཇེ་ཉུང་དུ་བཏང་བ་དང་མཚུངས། ཆེས་མཐོའི་གློག་གནོན་བརྒྱུད་ལམ་ལ་བརྟེན་ནས་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་རླུང་གློག་དང་འོད་ནུས། ཆུ་གློག་བཅས་གཏན་འཇགས་ཀྱི་དག་གཙང་གློག་ཤུགས་སུ་བསྒྱུར་ཏེ། ཧྭ་ཀྲུང་ཐེག་ཚད་ལྟེ་གནས་སུ་ཕྱིར་གཏོང་བྱས་ནས་མཚོ་སྔོན་ནུས་ཁུངས་ཐོན་ཁུངས་ཀྱི་དགེ་མཚན་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་བར་སྐུལ་འདེད་བཏང་བ་མ་ཟད། ཧྭ་ཀྲུང་ས་ཁུལ་གྱི་གློག་ཤུགས་བདེ་འཇགས་དང་གློག་མཁོ་འདོན་ལ་འགན་ལེན་ཏན་ཏིག་བྱས།
མཚོ་སྔོན་ལྗང་གློག་གིས་ཧྭ་ཀྲུང་ས་ཁུལ་གྱི་ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་མཁོ་འདོན་བྱས་པ་མ་ཟད། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དང་ཁྲེང་ཏུའུ་ལུས་རྩལ་འགྲན་ཚོགས་སོགས་རྒྱལ་སྤྱིའི་འགྲན་བསྡུར་གལ་ཆེན་ལའང་གློག་ཤུགས་གཙང་མའི་འདེགས་སྐྱོར་བྱས། མིག་སྔའི་བར་དུ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཚོང་རའི་ཉོ་འཚོང་གི་ཁྱབ་ཁོངས་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར23ལ་རྒྱ་བསྐྱེད་ཡོད་པས། མཚོ་སྔོན་གྱི་ལྗང་གློག་ཕྱིར་སྐྱེལ་གྱི་ཚོང་རའི་རྣམ་པ་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་ཡོད།