ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་ཆེད་དོན་བགྲོ་གླེང་ཚོགས་འདུ་བསྡུས་པ།
ཟླ5པའི་ཚེས18ཉིན། ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་ཆེད་དོན་བགྲོ་གླེང་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་སུ་བྱ་བ་སྒྲུབ་པའི་སྐབས་ཀྱི་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་རྒྱུན་འཁྱོངས་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོའི་བགྲོ་གླེང་བརྗེ་རེས་ཚོགས་འདུ་ཐེངས་གཉིས་པ་སྤེལ།
ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད་པ་དང་། བགྲོ་གླེང་ཚོགས་འདུ་ལས་དོན་གྲུབ་དང་ཚེ་བརྟན་སྒྲོལ་མ། ཏེང་ཧྲེང་ཕེང་། ཀེང་ཧྲེང་ཁྲེང་། མཱ་ཧྲའོ་ཧྥུའུ། ལི་ཝེ། ཞུའུ་ཅན་ཅུན། ཅིང་ཡུང་ཅེ། ལི་ཀུའོ་ཧྲེང་། ལིའུ་ཅན་ཀྲི། ཀྲང་ཅིང་བཅས་ཀྱིས་གཏམ་བཤད། ཁུལ་ཨུའི་གཞུང་ལུགས་ལྟེ་གནས་ཚན་ཁག་གི་ཁོངས་མི་གཞན་དག་གིས་ཡིག་ཐོག་ནས་བསམ་ཚུལ་བརྗེ་རེས་བྱས།
ཞུང་ཡོན་ལའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་སུ་བྱ་བ་སྒྲུབ་པའི་སྐབས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་གྱིས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བའི་བརྗོད་དོན་གཙོ་བོར་འགྲེལ་བཤད་བྱས་ནས་ང་ཚོར་མིག་དཔེ་བཟང་པོ་བསྟན་ཡོད་ལ། མིག་སྔར་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་ཕན་འབྲས་མངོན་པའི་འགག་རྩའི་དུས་སྐབས་ཡིན་པས། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་དུས་ནམ་ཡང་མི་དམངས་བླ་ན་མེད་པའི་རྩ་བའི་ལངས་ཕྱོགས་དང་། དངོས་ཐོག་བདེན་འཚོལ་གྱི་བསམ་བློ་གཏོང་སྟངས། རང་ཉིད་ཀྱིས་བྱས་རྗེས་འཇོག་དགོས་པའི་འགན་འཁྲིའི་འདུ་ཤེས་བཅས་མཐའ་འཁྱོངས་བྱས་ཏེ། དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་སྲིད་སྐྱོང་བྱས་རྗེས་མངོན་པར་བྱ་དགོས་ཞེས་བསྟན།
ཞུང་ཡོན་ལའེ་ཡིས་སློབ་སྦྱོང་སློབ་གསོར་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་འབྲས་ལྟ་བའི་གསོན་ཉམས་ལྡན་པའི་ལག་ལེན་དང་ཞིབ་བསྡུར་ནན་ཏན་བྱས་ཏེ། སློབ་པ་དང་གནད་དོན་འདོན་པ། དག་ཐེར་ལེགས་བཅོས། སྒྲིག་སྲོལ་འཛུགས་པ་བཅས་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། རང་ཉིད་དང་བྱ་བ་སློབ་སྦྱོང་སློབ་གསོའི་ཁྲོད་དུ་བཞག་ནས་ཁྱད་པར་དང་མི་འདང་ས་འཚོལ་ཞིབ་བྱེད་པ་དང་བྱེད་ཐབས་ལ་ཤུགས་སྣོན་དང་ལེགས་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས། རྩ་དོན་གྱི་འདུ་ཤེས་ཞན་པ་དང་བྱ་བའི་ལག་བསྟར་བྱེད་སྟངས་དམངས་དང་ཁ་ཐག་རིང་བ། གཞི་རིམ་དང་དོན་དངོས་དང་ཁ་བྲལ་བ། དམངས་ལ་ཞབས་ཞུ་ལེགས་པོ་མི་སྒྲུབ་པའི་གནད་དོན་བཅས་ཐག་གཅོད་བྱ་དགོས། འགན་འཁྲིའི་འདུ་ཤེས་ཞན་པ་དང་འགལ་ཟླ་རྩོད་གཞི་དང་འཕྲད་ཚེ་ཐག་གཅོད་བཟང་པོ་མི་བྱེད་པ་དང་དཀའ་ཁག་ལ་འཕྲད་ཚེ་ཕྱིར་ནུར་བྱེད་པ། བྱ་བ་མི་སྒྲུབ་པར་རྒྱུ་མཚན་འཚོལ་བ་ལས་བྱ་བ་ལེགས་པོ་བསྒྲུབ་པའི་ཆེད་དུ་ཐབས་ཤེས་མི་འཚོལ་བ་དང་། ལོ་རྒྱུས་ཤུལ་བཞག་གནད་དོན་ལ་མཐོང་ཆེན་མི་བྱེད་པ་དང་། འགན་གཡོལ་བྱེད་པ། དམ་འཛིན་མི་བྱེད་པ་དང་རྩིས་ཐོར་ངོས་ལེན་མི་བྱེད་པའི་གནད་དོན་བཅས་ཐག་གཅོད་བྱ་དགོས། བྱ་བ་མི་སྒྲུབ་པ་དང་བཀོད་སྒྲིག་བྱས་པའི་བྱ་བར་ཞིབ་འཇུག་དང་བསམ་གཞིགས། སྐུལ་འདེད་བཅས་མི་བྱེད་པར་ཡིག་ཆ་ཁོ་ནར་བརྟེན་པ་དང་། སྙན་ཞུ་ལས་བཀོད་སྒྲིག་ཆ་ཚང་ཞིང་དོན་དངོས་སུ་བྱ་བ་གཅིག་ཀྱང་སྒྲུབ་མེད་པ། གྲུབ་འབྲས་མངོན་པའི་བྱ་བ་སྒྲུབ་པ་དང་གྲུབ་འབྲས་མི་མངོན་པའི་བྱ་བ་མི་སྒྲུབ་པ། རྨང་གཞི་བརྟན་ལ་ཡུན་རིང་ལ་ཕན་ཐོགས་པའི་མངོན་མེད་གྲུབ་འབྲས་ཀྱི་གནད་དོན་ལ་མཐོང་ཆུང་བྱེད་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱ་དགོས་པ་དང་། སྒྲིག་ལམ་གྱི་འདུ་ཤེས་ཞན་པ་དང་། སྒྲིག་ལམ་དང་སྒྲིག་སྲོལ་མི་སྲུང་བར་གང་འདོད་དུ་སྒྲིག་འགལ་བྱེད་པའི་གནད་དོན་ཐག་གཅོད་བྱ་དགོས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་མང་ཚོགས་ཀྱིས་སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་པའི་བྱེ་བྲག་གི་བྱེད་ཐབས་དང་གྲུབ་འབྲས་དངོས་ཀྱི་སྟེང་མངོན་ནས། ཞིང་ཆེན་ཏང་ཨུའི་སྐོར་ཁག་ཅན་དྲུག་གི་བྱ་བའི་བླང་བྱ་ལག་བསྟར་ནན་མོ་བྱེད་པ་དང་། དམངས་ཕན་འགུལ་སྐྱོད་བདུན་ལེགས་པོར་སྤེལ་ཏེ། མང་ཚོགས་ཉེ་འཁོར་གྱི་སྤྱོད་ཚུལ་མི་ལེགས་པ་དང་རུལ་སུངས་ཀྱི་གནད་དོན་ལ་གཅིག་བསྡུས་སྒོས་བཅོས་སྐྱོང་བྱེད་པར་སྐུལ་འདེད་བྱ་དགོས། ཅན་བཅུའི་ཏང་འཛུགས་དང་གཉིས་འབྲེལ་མཉམ་འཛུགས་བྱ་བ་དང་ཟུང་འབྲེལ་བྱས་ཏེ། ནན་ཏན་གྱིས་བསམ་གཞིགས་གཏོང་བ་དང་བྱ་བར་ཞིབ་འཇུག་བྱས་ནས། མང་ཚོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ནན་ནན་ཏིག་ཏིག་དང་བློ་གཅིག་སེམས་གཅིག་གིས་དམངས་ཚིས་དངོས་དོན་སྒྲུབ་དགོས་པ་དང་འགལ་ཟླ་ཐག་གཅོད་བྱ་དགོས། སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་དང་། སློབ་གསོ་དང་སྨན་བཅོས་སོགས་ཀྱི་དམངས་ཚིས་ལས་དོན་གྱི་འཕེལ་རྒྱས་ལ་གཞིགས་ནས། རྨང་གཞི་འཇོག་པ་དང་ཡུན་རིང་ལ་ཕན་པ། ཆད་ལྷག་གསབ་སྣོན་བྱེད་པའི་དངོས་དོན་མང་པོ་བསྒྲུབ་སྟེ། དེང་རབས་ཅན་གྱི་མཚོ་ལྷོ་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར་སྲིད་འབྲས་བཟང་པོ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།