གནད་བསྡུས། 详情

འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་རིས་གསར་པ་མཉམ་དུ་བཀོད།

འབྲི་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་ཏེ། ལོ་བཅུའི་སྔོན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲུང་སྐྱོབ་ཆེན་པོ་མཉམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པ་གསལ་པོར་བསྟན་པ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་གི་ཁེ་ཕན་ལ་དམིགས་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ། ལྗང་མདོག་གི་རི་ཆུ་ཡིས་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་ཆེན་པོ་ཐོན་པར་བྱེད་དགོས་ཞེས་ནན་བཤད་གནང་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་མཛུབ་སྟོན་འོག འབྲི་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར11གིས་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོ་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་རྣམ་སྒྱུར་བྱེད་པར་སྐུལ་སྤེལ་བཏང་ནས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་མཉམ་དུ་བྲིས།

ད་ལྟའི་འབྲི་ཆུ་ནི་དྭངས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། ནགས་ཚལ་ཁྱབ་ཚད46%ལས་བརྒལ། རྒྱལ་ཡོངས་སུ་ཆུ་ཐོན་སོན་རྒྱུའི་སྲུང་སྐྱོབ་ཁུལ་གྱིས42.8%ཁེབས་ཡོད་པ་དང་། ཚྭ་མེད་ཆུའི་ཉ་རིགས་ཀྱིས55.1%ཁྱབ་ཡོད། ཆུ་གཞུང་གི་ཆུ་གཤིས་ཀྱིས་ལོ་མང་པོར་རིགས་གཉིས་པ་རྒྱུན་འཁྱོངས་ཐུབ་ཡོད།

འབྲི་ཆུ་ནི་རང་རྒྱལ་གྱི་སྐྱེ་ཁམས་བང་མཛོད་གལ་ཆེན་ཞིག་ཡིན་པ་དང་། མ་ཡུམ་ཆུ་བོའི་སྲུང་སྐྱོབ་དང་འཕེལ་རྒྱས་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་ཡུན་རིང་པོར་ཐུགས་ཁུར་གནང་བའི་དོན་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འབྲི་ཆུའི་སྟོད་སྨད་བར་གསུམ་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་། ཁོང་གིས་སྔ་རྗེས་སུ་ཆེད་དོན་བཞུགས་མོལ་ཚོགས་འདུ་ཐེངས་བཞི་ལ་འགོ་འཛིན་མཛད་དེ་བསྡུས་ཤིང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་སྣེ་ཁྲིད་གནང་། ཁོང་གིས་ སྲུང་སྐྱོབ་ཆེན་པོ་མཉམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པར། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཐད་འབད་བརྩོན་སྔར་ལས་ཆེ་བ་བྱེད་དགོས་ཞེས་ནན་བཤད་གནང་ཡོད། ཁོང་གིས་འབྲི་ཆུའི་དཔལ་འབྱོར་རྒྱུད་དེ་རང་རྒྱལ་གྱི་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལས་ཡུལ་གཙོ་བོ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཀྱི་འཕར་རྩ་ཆེན་པོ་ལྟ་བུ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་གཙོ་ཤུགས་དམག་ཏུ་འགྱུར་བར་བྱ་དགོས་ཞེས་བསྟན།

སྲུང་སྐྱོབ་ཆེན་པོ་མཉམ་དུ་དམ་འཛིན་བྱས་ནས་། འཁོར་སྐར་པར་རིས་ཀྱིས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ལོ་བཅུའི་སྐྱེ་ཁམས་ཀྱི་འཕོ་འགྱུར་ར་སྤྲོད་བྱེད།

འདི་ནི2016ལོའི་སི་ཁྲོན་དབྱི་པིན་གྱི་གཙང་བོ་གསུམ་གྱི་འདྲེས་མདོ་ཡིན། དེ་དུས་སྦགས་བཙོག་ཁེ་ལས་མང་པོ་ཡོད་པ་དང་། གྲུ་གཟིངས་ཟ་ཁང་མང་པོ་ཡོད་ལ། ཆུའི་སྐྱེ་ཁམས་བྱེད་ནུས་ཉམས་རྒུད་ཚབས་ཆེན་བྱུང་ཡོད། ད་ལྟ་སླེབས་དུས། འདིར་སྤྱི་ལེ90ལྷག་གི་སྐྱེ་ཁམས་བར་ཁྱམས་བསྐྲུན་ཟིན་པ་དང་། ཆུ་དྭངས་པ་དང་། འགྲམ་ངོགས་ལྗང་མདོག་ལྡན་པ། ཆུ་ལམ་ཤར་གཏོང་། ཡུལ་ལྗོངས་མཛེས་སྡུག་ལྡན་པར་གྱུར་ཡོད། འཕོ་འགྱུར་འདི་དག་ནི་དབྱི་པིན་གྱིས་འབྲི་ཆུའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་མཐུད་ངང་ལག་བསྟར་བྱས་པ་དང་། མཁར་གྲོང་གི་བཙོག་ཆུ་འདྲེན་སྦུག་བསྒྱུར་བཀོད་ལ་སྐུལ་འདེད་བཏང་བ། འགྲམ་རྒྱུད་ཀྱི་རང་བྱུང་འགྲམ་ངོགས་བསྐྱར་གསོ་བྱས་པ། ཆུ་འགྲམ་གྱི་བར་སྟོང་དང་གྲོང་ཁྱེར་གྱི་སྤྱི་གླིང་འཛུགས་སྐྲུན་བྱས་པ་བཅས་ལས་བྱུང་བ་རེད།

དབྱི་པིན་གྱི་སྐྱེ་ཁམས་འཕོ་འགྱུར་འདི་ལྟ་བུ་ལོ་བཅུའི་རིང་འབྲི་ཆུའི་ངོགས་གཉིས་སུ་རྒྱུན་ཆད་མེད་པར་མངོན་བཞིན་ཡོད། ཅང་ཞི་ཏུའུ་ཁྲང་དུ་སྔོག་འདོན་གང་བྱུང་བྱས་པས་ལྟར་མི་བཟོད་པའི་རི་ངོས་ལ་ད་ལྟ་ལྗང་མདོག་གིས་ཁེབས་ཡོད། ཨན་ཧུའེ་ཝུའུ་ཧུའུ་རུ་ཁྲིམས་འགལ་གྱི་གྲུ་ཁ་དང་ཐར་ཐོར་གྱི་བཟོ་གྲྭ་རྣམས་ད་ལྟ་འབྲི་ཆུའི་འགྲམ་གྱི“མཛེས་སྡུག་ལྡན་པའི”རྐང་ལམ་དུ་གྱུར་ཡོད།

ལོ་བཅུའི་རིང་འབྲི་ཆུའི་འགྲམ་རྒྱུད་ཀྱི་སྤྱི་ལེ162ཉམས་གསོ་བྱས་པ་དང་། ཁྲིམས་འགལ་གྲུ་ཁ1361བཅོས་སྒྲིག་བྱས་ནས་ཆུ་བོའི་འབབ་རྒྱུད་ཀྱི་བཙོག་འབུད་མདོ་འབུམ་གཉིས་ལྷག་ཙམ་ཚད་ལྡན་གྱིས་བཅོས་སྒྲིག་བྱས་ཡོད། འབྲི་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར11གིས་ཞིང་ཆེན་ལས་བརྒལ་བའི་སྐྱེ་ཁམས་ཁ་གསབ་ལམ་སྲོལ་བཙུགས་ཏེ། འབྲི་ཆུའི་སྟོད་སྨད་དང་། ཆུ་ངོགས་གཡས་གཡོན། ཆུ་གཞུང་དང་ཆུ་རྒྱུན་མཉམ་དུ་བཅོས་སྐྱོང་བྱེད་པའི་སྒྲིལ་ཤུགས་ཆགས་ཡོད། འབྲི་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་དངོས་སུ་ལག་བསྟར་བྱས་པ་དང་། ལོ་བཅུའི་རིང་ཉ་འཛིན་མི་ཆོག་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་དེ་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཆུ་གཤིས་ལེགས་པའི་བསྡུར་ཚད96.5% ཟིན་པ་དང་། འབྲི་ཆུའི་འབབ་རྒྱུད་དུ་ཉ་རིགས351ལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ། ཉ་འཛིན་མི་ཆོག་པའི་བརྡ་བཏང་བའི་སྔོན་དང་བསྡུར་ན་ཉ་རིགས43ཇེ་མང་དུ་སོང་ཡོད། འབྲི་ཆུའི་ཆུ་ཕག1426ལ་སླར་གསོ་བྱུང་ཡོད།

གསར་སྤེལ་ཆེན་པོ་མི་བྱེད་པ་ནི་གསར་སྤེལ་མི་བྱེད་པ་མིན་པར། གཏོར་བརླག་རང་བཞིན་གྱི་གསར་སྤེལ་མི་བྱེད་པར། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་དགོས་པ་དེ་རེད།

འཁོར་སྐར་ནས་ཐུར་ལྟ་བྱས་ཚེ། ཧུའུ་པེ་དབྱི་ཁྲང་དུ། 2016ལོའི་སྐབས་དེར“རྫས་འགྱུར་བཟོ་ལས་ཀྱིས་གཙང་པོ་བསྐོར”ཡོད་པ་དང་། སྤྱི་ལེ200ལྷག་གི་གཙང་འགྲམ་དུ་རྫས་འགྱུར་བཟོ་ལས་ཀྱི་ཁེ་ལས130ལྷག་ཡོད་ལ། དེ་དག་སྒྲིག་མེད་ངང་འཕེལ་རྒྱས་ཕྱིན་ནས་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད། ད་ལྟ་འགྲམ་རྒྱུད་ཀྱི་རྫས་འགྱུར་བཟོ་ལས་ཁེ་ལས་ཚང་མ་སྒོ་བརྒྱབ་པ་དང་གནས་སྤར་བ། ཡང་ན་རྣམ་སྒྱུར་བཅས་ལེགས་གྲུབ་བྱུང་བ་དང་། དབྱི་ཁྲང་གིས་ཀྱང་བརྒྱུད་རིམ་འདིའི་ཁྲོད་ཐོན་ལས་རིམ་སྤོར་བྱས། སྔོན་ཆད་སྦགས་བཙོག་ཚབས་ཆེན་བཟོ་བཞིན་པའི་རིམ་པ་དམའ་བའི་རྫས་ལུད་ཐོན་ལས་མེད་པར་གྱུར་ལ། དེའི་ཚབ་ཏུ་ཞིབ་ཚགས་ལྡན་པའི་རྫས་འགྱུར་བཟོ་ལས་ཀྱི་ཐོན་ལས་བྱུང་བ་དང་། ཐོན་སྐྱེད་བྱས་པའི་ལིན་སྐྱུར་ལྕགས་ལིས་དེ་ནུས་གསོག་ཐོན་ལས་ཀྱི་རྒྱུ་ཆ་གལ་ཆེན་ཞིག་ཏུ་གྱུར་ནས། དབྱི་ཁྲང་རྒྱལ་ཡོངས་ཀྱི་ནུས་གསོག་རྟེན་གཞི་གལ་ཆེན་གྱི་ཕྱོགས་སུ་མགྱོགས་མྱུར་ངང་བསྐྱོད་རྒྱུར་རོགས་རམ་བྱས་ཡོད།

ད་ལྟའི་འབྲི་ཆུའི་དཔལ་འབྱོར་རྒྱུད་དུ་ཚན་རྩལ་གསར་གཏོད་ལྟེ་གནས3དང་། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང8བཀོད་སྒྲིག་འཛུགས་སྐྲུན་བྱས་ཡོད་ལ། དེར་མིས་བཟོས་རིག་ནུས་དང་། ཚད་རྡུལ་ཆ་འཕྲིན། འདུས་འགྱུར་ནུས་ཁུངས་སོགས་འཛམ་གླིང་གི་སྔོན་ཐོན་ཚན་རྩལ་གྲུབ་འབྲས་ཁག་ཅིག་བར་མེད་དུ་འབྱུང་བཞིན་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་འདུས་ཚོགས41དང་། རྒྱལ་ཁབ་རིམ་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འདུས་ཚོགས30གཅིག་འདུས་བྱས་ཡོད་ཅིང་། འདིས་གྲངས་འབོར་གྱིས་སོ་སོར་རྒྱལ་ཡོངས་ཀྱི་བརྒྱ་ཆའི51དང་བརྒྱ་ཆའི45ཟིན་ཡོད། འགྲམ་རྒྱུད་དུ་བསྐྱོད་པའི་ཚེ། “གསར་པ”ནས“ཕུལ་བྱུང”གི་ཐོན་ལས་རེ་རེ་བཞིན་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བཞིན་ཡོད་ལ། སྟོད་རྒྱུད་ཀྱི་ཀུའེ་ཀྲིག་ཏུ་གཞི་ཁྱོན་ཅན་དང་བསྡུ་རུབ་ཅན་གྱི་རྩིས་ནུས་ཐོན་ལས་འདུས་ཚོགས་གྲུབ་ཡོད་པ་མ་ཟད། བར་རྒྱུད་ཧུའུ་ནན་གྱིས་རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་མཐོ་ས་ཧུར་ཐག་གིས་བཏོད་དེ། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱིས་ཞིང་ཆེན་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཁྲོད་ཟིན་པའི་བསྡུར་ཚད་བརྒྱ་ཆའི51%ལས་བརྒལ་ཡོད། སྨད་རྒྱུད་ཧྲང་ཧའེ་རུ་མིས་བཟོས་རིག་ནུས་མཚོན་བྱེད་དུ་བྱས་པའི་སྔོན་ཁྲིད་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཞིང་། 2025ལོར་གཞི་ཁྱོན་ཡན་གྱི་མིས་བཟོས་རིག་ནུས་ཁེ་ལས394ཡི་ཐོན་ལས་གཞི་ཁྱོན་སྒོར་ཁྲག་ཁྲིག་དྲུག་དང་ཐེར་ཆེན་གསུམ་ཐེར་འབུམ་བདུན་ལས་བརྒལ་བ་དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི39.5འཕར་ཡོད།

འབྲི་ཆུའི་དཔལ་འབྱོར་རྒྱུད་ནི་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། ལོ་བཅུའི་རིང་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ས་ཁུལ་ཐོན་སྐྱེད་སྤྱི་ཐང་ལྡབ་གཅིག་ལྷག་འཕར་ནས། རྒྱལ་ཡོངས་ཀྱི་བསྡུར་གྲངས་ཟིན་ཚད42.2%ནས47.3%བར་མཐོ་རུ་ཕྱིན་པ་དང་། གྲོང་མི་མི་རེའི་ཆ་སྙོམས་བཀོལ་ཆོག་པའི་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་གསུམ་ནས་སྒོར་ཁྲི་བཞི་དང་སྟོང་བཞི་བར་མཐོ་རུ་ཕྱིན་ནས་བརྒྱ་ཆའི91%འཕར་ཡོད། མ་འོངས་པར་ཁ་ཕྱོགས་ཏེ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར11གིས་འཆར་གཞི་འགོད་པ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོར་ནམ་ཡང་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་པར་བྱས་ཡོད།


热门新闻

热门图库

热门排行