ཞིན་ཧེ་རྫོང་གིས་སྡེ་བར་ཞིང་ལས་འཕྲུལ་ཆས་སྤྲད་དེ་དམངས་ཚིས་ལ་འགན་སྲུང་བྱས།
ཟླ5པའི་ཚེས15ཉིན། ཞིན་ཧེ་རྫོང་དཔལ་ཁ་གྲོང་བརྡལ་གྱིས་ཞིང་ལས་དེང་རབས་ཅན་མཐོར་འདེགས་ལས་གཞིའི་ཞིང་ལས་འཕྲུལ་ཆས་སྟེར་བའི་མཛད་སྒོ་དང་ཅན་བཅུའི་ཏང་འཛུགས་ཀྱི་དཔེ་མཚོན་འདེམས་པའི་གཟེངས་བསྟོད་བྱ་འགུལ་སྤེལ་ཞིང་། ཏང་འཛུགས་ལ་བརྟེན་ནས་ཞིང་ལས་འཕེལ་རྒྱས་ལ་སྣེ་ཁྲིད་དང་གཞི་རིམ་བཅོས་སྐྱོང་སྲ་བརྟན་དུ་བཏང་སྟེ། གྲོང་གསེབ་དར་སྤེལ་དུ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་ནན་མོ་བཏང་བ་རེད།
བྱ་འགུལ་སྤེལ་བའི་ཡུལ་དངོས་སུ། དཔལ་ཁ་གྲོང་བརྡལ་གྱིས་གསེར་གཞོང་དང་རྫ་རྒན། ཉག་སྟེང་། ཁྱུང་སེང་བཅས་སྡེ་བ་བཞི་ལ་གཅིག་སྡུད་ཀྱིས་དེང་རབས་ཅན་གྱི་ཞིང་ལས་འཕྲུལ་ཆས་སྤྲད་པ་དང་། དེ་མིན་ཏང་འཛུགས་ཀྱི་མཛུབ་ཁྲིད་པ་དང་བྱ་བའི་འབྲེལ་མཐུད་པའི་མིང་ཐོ་ཡོངས་བསྒྲགས་བྱས་པར་མ་ཟད། བསྐོ་བཞག་ཡི་གེའང་སྤྲད་ནས་གཞི་རིམ་ཏང་འཛུགས་བྱ་བའི་དཔུང་ཁག་སྔར་ལས་སྟོབས་ཆེར་བཏང་སྟེ། གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས་སུ་བཏང་། དུས་མཚུངས་སུ་ཕུལ་བྱུང་མང་ཚོགས་དང་སྔོན་ཐོན་མི་སྒེར། ཏང་འཛུགས་ཆེད་དོན་བྱ་བའི་ཚོགས་པ་བཅས་ལ་གཅིག་སྡུད་ཀྱིས་གཟེངས་བསྟོད་བྱས་པ་དང་། དཔེ་སྟོན་དམིགས་དཔེ་བཙུགས་ཏེ་སློབ་བསྡུར་སྙེག་བརྒལ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་གོམས་སྲོལ་བཟང་བོ་ཞིག་ཆགས་སུ་བཅུག་པ་རེད།
ཞིན་ཧེ་རྫོང་དཔལ་ཁ་གྲོང་བརྡལ་གསེར་གཞོང་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཟུར་པ་གཟུངས་འབུམ་རྒྱལ་གྱིས་བཤད་རྒྱུར། དེ་རིང་ང་ཚོས་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། སྡེ་བ་བཞིར་ཁྱོན་བསྡོམས་སྒོར་ཁྲི་བརྒྱད་བརྒྱའི་ཞིང་ལས་འཕྲུལ་ཆས་སྤྲད་པ་ཡིན་ལ། ང་ཚོ་ཚང་མས་སྲིད་གཞུང་ལ་བཀའ་དྲིན་ཞུ་བའི་ཞོར་དུ་ཞིང་ལས་འཕྲུལ་ཆས་དེ་དག་ལ་ཉར་ཚགས་དང་བེད་སྤྱོད་ལེགས་པོ་བྱ་རྒྱུ་ཡིན་ཟེར།
བྱ་འགུལ་ཐོག་ད་དུང་ཏང་ཡོན་རྒན་པ་དང་ཀྲི་པུའུ་ཧྲུའུ་ཅི་རྒན་པ་གདན་ཞུ་བྱས་ནས་གནས་སྤོར་དང་འཕེལ་རྒྱས་སྐོར་གླེང་སྟེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་གཞི་རིམ་ཆེད་དོན་བྱ་བ་དགུའི་ཁྲོད་ཞུགས་པར་སྐུལ་སློང་བྱས་ནས། ཏང་འཛུགས་སྣེ་ཁྲིད་དང་ཆེད་དོན་ཚན་ཆུང་མཉམ་འབྲེལ། མང་ཚོགས་ཟབ་ཞུགས་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་བཙུགས་ཏེ། གྲོང་གསེབ་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན།
ཞིན་ཧེ་རྫོང་དཔལ་ཁ་གྲོང་བརྡལ་ཏང་ཨུའི་ཧྲུའུ་ཅི་མཱ་ཆི་ཡིས་བཤད་རྒྱུར། ལོ་མགོ་ནས་བཟུང་དཔལ་ཁ་གྲོང་བརྡལ་གྱིས་ཅན་བཅུའི་ཏང་འཛུགས་བྱ་བར་ཤུགས་བསྣན་ཏེ། གཞི་རིམ་རྩ་འཛུགས་ཀྱི་ནུས་པ་ཞན་པ་དང་ཕྱི་ཚུལ་ཅན་དུ་འགྱུར་བ་སོགས་ཀྱི་གནད་དོན་གཙོ་བོ་ཐག་གཅོད་བྱས་པ་དང་། བྱ་བར་སྐུལ་འདེད་བྱེད་པའི་ཁྲོད་སྲིད་གཞུང་གིས་སྣེ་ཁྲིད་དང་མང་ཚོགས་ཟབ་ཞུགས་བྱེད་པའི་བྱེད་ཐབས་བརྒྱུད་དེ། ཅན་བཅུའི་ཏང་འཛུགས་ཀྱི་ཞིབ་བསྡུར་དང་མངོན་པ། མང་ཚོགས་ཀྱིས་དཔེ་སྟོན་འདེམས་པ་སོགས་ཀྱི་བྱ་འགུལ་སྤེལ་བའི་བྱེད་ཐབས་ལ་བརྟེན་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཐོན་སྐྱེད་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། འགལ་ཟླ་རྩོད་གཞི་འདུམ་འགྲིག་སོགས་ཚན་ཆུང9ཡི་ཁྲོད་ཞུགས་པར་སྐུལ་སློང་གང་ལེགས་བྱས་ཏེ། ཏང་འཛུགས་ཀྱིས་གཅིག་གྱུར་འཆར་འགོད་དང་ཆེད་དོན་ཚན་ཆུང་གིས་གོང་འོག་འབྲེལ་མཐུད་བྱེད་པ། ཏང་ཡོན་མང་ཚོགས་རྒྱ་ཁྱབ་ངང་ཟབ་ཞུགས་བྱེད་པའི་བྱ་བའི་སྒྲིག་གཞི་ཆགས་པར་བྱས་ནས། གཞུང་ལུགས་སྲིད་ཇུས་དུས་ཐོག་ཏུ་དམངས་ཀྱི་ཁྱིམ་དུ་བསྐྱལ་ཏེ། དཔལ་ཡོན་གྱི་སྲོལ་བཟང་ཤང་སྡེའི་གྲུ་ཟུར་རེ་རེར་ཁེབས་པར་བྱས་ནས། དམངས་ཕན་དོན་དངོས་བསྒྲུབས་ཏེ་གཞི་རིམ་བཅོས་སྐྱོང་གི་བྱ་བར་སྐུལ་འདེད་བྱས་པ་ཡིན་ཟེར།