སྲིད་དོན། 详情

ཁྲི་ཀ་རྫོང་གིས་རིག་ནུས་དྲོད་ཁང་ལ་བརྟེན་ནས་ཐུན་མོང་དཔལ་འབྱོར་དར་སྤེལ་དུ་བཏང་བ།

ཁྲི་ཀ་རྫོང་རྨ་སྲིབ་གྲོང་བརྡལ་ཞི་ཅ་ཙུའེ་སྡེ་བའི་སྔོ་ཚལ་འདེབས་འཛུགས་རྟེན་གཞིའི་ཚད་ལྡན་ཅན་གྱི་དྲོད་ཁང་རེ་རེའི་ནང་དུ་ཤིང་ཏོག་དང་སྔོ་ཚལ་གྱི་སྐྱེ་སྟོབས་ཤིན་ཏུ་ལེགས་ཤིང་། སྡེ་བ་དེ་མཚོ་སྔོན་ཞིང་ཆེན་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ་དང་རྒྱལ་ཡོངས་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ་ཡིན་པའི་ཆ་ནས།སྡེ་བས་སྔ་རྗེས་སུ་མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱས་པ་དང་། 2022ལོར་ཚན་རྩལ་རིག་ནུས་དྲོད་ཁང་འཛུགས་སྐྲུན་བྱས་ཤིང་། 2024ལོར་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི43.8ཟིན་ཏེ། ཐོན་ལས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས། སྡེ་བའི་ཐུན་མོང་དཔལ་འབྱོར་སྔར་ལས་སྟོབས་ཆེར་གཏོང་བ་དང་གྲོང་གསེབ་ཐོན་ལས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་ཆེད། 2025ལོའི་ཟླ6པར་ཞི་ཅ་ཙུའེ་སྡེ་བས་ཁྲི་ཀ་ཞི་ཅ་ཙུའེ་སྡེ་བའི་ཧྥུན་ནུང་ཞིང་ཕྱུགས་ལས་ཚད་ཡོད་ཀུང་ཟི་བཙུགས་ནས། གྲོང་གསེབ་དར་སྤེལ་གྱི་སྔོ་ཚལ་དྲོད་ཁང་ལས་གཞི་ནུས་ཤུགས་ཡོད་རྒུས་བསྐྲུན་པ་རེད།

  ཁྲི་ཀ་རྫོང་རྨ་སྲིབ་གྲོང་བརྡལ་ཞི་ཅ་ཙུའེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲང་ཝུན་ཧྲན་གྱིས་བཤད་རྒྱུར། ང་ཚོའི་སྡེ་བས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ཆེད་སྔོ་ཚལ་དྲོད་ཁང་འཛུགས་སྐྲུན་བྱས་པ་ཡིན་ལ། དྲོད་ཁང་དུ་སིལ་ཆིག་ཐུབ་དང་ཆུ་ཀུབ། ཀྲོ་མ་ཀྲུ་སོགས་སྔོ་ཚལ་དང་ཤིང་ཏོག་གི་རིགས་གཙོར་བཟུང་ནས་འདེབས་འཛུགས་བྱས་པའི་དམིགས་ཡུལ་ནི་སྡེ་མིའི་ཡོང་འབབ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། དྲོད་ཁང་འཛུགས་སྐྲུན་ནས་འདེབས་འཛུགས་དང་དོ་དམ་བར་ང་ཚོས་བརྒྱུད་རིམ་ཧྲིལ་བོར་ལྟ་སྐུལ་དོ་དམ་བྱས་པ་མ་ཟད། ད་དུང་ཆེད་ལས་ལག་རྩལ་མི་སྣ་མཛུབ་ཁྲིད་བྱེད་པར་གདན་འདྲེན་བྱས་ཏེ། སྡེ་མི་རྣམས་རང་ཁྱིམ་སྒོ་ཁ་ནས་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས། ད་ལྟ་དྲོད་ཁང་ནང་གི་ཤིང་ཏོག་དང་སྔོ་ཚལ་སྐྱེས་སྟོབས་ཧ་ཅང་ལེགས་པས་ཡོང་འབབ་ཀྱང་གཏན་འཇགས་བྱུང་ཡོད། རྗེས་ཕྱོགས་ཐོན་ལས་སྔར་ལས་འཐུས་ཚང་དུ་བཏང་ནས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་བཟང་དུ་གཏོང་ཅི་ཐུབ་བྱ་རྒྱུ་ཡིན་ཟེར།

 ལས་གཞི་དེས་ཐུན་མོང་མ་ཡིན་པའི་ས་བབ་དང་གནམ་གཤིས་ལ་བརྟེན་ནས། སྣ་མང་ཅན་གྱི་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས་བྱེད་སྟངས་གསར་གཏོད་བྱས་ཏེ། མྱུ་གུ་དྲོད་ཁང4དང་ཐོན་སྐྱེད་དྲོད་ཁང7དུ་དབྱེ་ནས་མྱུ་གུ་གསོ་བ་དང་འདེབས་འཛུགས་གཞི་གཅིག་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད།

 ལག་རྩལ་པ་ཝང་ལི་ཉིང་གིས་བཤད་རྒྱུར། ཚལ་མྱུག་འདེམས་པ་དང་ཆུ་གཏོང་བ། ལུད་འཇོག་པ། དྲོད་ཚད་ཚོད་འཛིན་དང་གནོད་འགོག་སོགས་ཀྱི་བརྒྱུད་རིམ་ཚང་མ་ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་ཡོད་ལ། ལོ་གཅིག་གི་དུས་ཚིགས་བཞི་བོར་སྔོ་ཚལ་དང་ཤིང་ཏོག་འདེབས་འཛུགས་བྱས་ཆོག་པ་དང་། ཐོན་ཚད་མཐོ་ཞིང་སྤུས་ཚད་ཀྱང་ལེགས་པས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཐབས་ལམ་རྒྱ་ཆེར་སོང་ཡོད་པ་མ་ཟད། སྡེ་མི་རྣམས་ཉེ་འགྲམ་དུ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ནས་ཡོང་འབབ་ཀྱང་ཇེ་བརྟན་དུ་སོང་ཡོད་ཟེར།

ཞོར་ལས་པ་ཀྲའོ་ཧྥ་ཆིང་གིས་བཤད་རྒྱུར། ང་ནི་ཞི་ཅ་ཙུའེ་སྡེ་བའི་སྡེ་མི་ཞིག་ཡིན་ལ། དུས་རྒྱུན་སྡེ་བའི་སྔོ་ཚལ་དྲོད་ཁང་ནང་དུ་ལས་ཀ་གཉེར་བཞིན་ཡོད། ནམ་རྒྱུན་སྔོ་ཚལ་འདེབས་པ་དང་ཆུ་གཏོང་བ། ཡུར་མ་ཡུར་བ། སྔོ་ཚལ་དང་སིལ་ཏོག་ལ་དོ་དམ་སྲུང་སྐྱོང་བཅས་བྱས་པ་ཡིན། རང་ཁྱིམ་གྱི་ཉེ་སར་ལས་ཀ་གཉེར་ཆོག་ལ་ལས་ཀའང་ཧ་ཅང་སླ་མོ་ཡིན། དེ་བས་ཕྱིའི་ཞོར་ལས་ལ་འགྲོ་མི་དགོས་པར་རང་ཁྱིམ་སྒོ་ཁ་ནས་ཡོང་འབབ་བཙལ་ཐུབ་པར་མ་ཟད། ད་དུང་རང་ཁྱིམ་ལའང་བདག་སྐྱོང་བཟང་བོ་བྱ་ཐུབ། དྲོད་ཁང་གི་ཐོན་ལས་དར་སྤེལ་དུ་ཕྱིན་པ་དེས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་ཇེ་མང་དུ་བཏང་བར་མ་ཟད། ཉིན་རེར་སྒོར100བཙལ་ཐུབ་སྟེ་ང་ཚོ་སྡེ་མི་ཚོའི་ཡོང་སྒོའང་གཏན་འཇགས་སུ་བཏང་བ་ཡིན་ཟེར།

ད་ལྟ། ལས་གཞི་དེར་འབབ་འཕར་བརྟན་པོ་ཡོང་བའི་མ་ལག་ཅིག་ཆགས་ཤིང་། སྡེ་བའི་ཐུན་མོང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི20ལྷག་ཙམ་འཕར་བ་དང་སྡེ་མིའི་ལས་གཉེར་ལས་ཞུགས་ཀྱི་ཡོང་འབབ་སྒོར་ཁྲི30ལྷག་ཙམ་ཟིན་ཏེ། ཐུན་མོང་འབབ་འཕར་དང་ཞིང་ཁྱིམ་ཡོང་འབབ་གཉིས་ཕན་ཡོང་བའི་དམིགས་ཚད་དངོས་སུ་མངོན་འགྱུར་བྱུང་ཡོད།


热门新闻

热门图库

热门排行