ནན་ཐུང་གྲོང་ཁྱེར་གྱི་བྱམས་ལྡན་ཁེ་ལས་པས་ཁྲི་ཀ་རྫོང་གི་སློབ་མའི་འཐུང་ཆུའི་བདེ་འཇགས་ལ་འགན་སྲུང་བྱས།
ཟླ5པའི་ཚེས18ཉིན་ནན་ཐུང་གྲོང་ཁྱེར་གྱི་ན་གཞོན་དམངས་གཉེར་ཁེ་ལས་པའི་ཚོང་ཚོགས་ཀྱིས་ཁྲི་ཀ་རྫོང་དུ་གཅེས་སེམས་ཞལ་འདེབས་འབུལ་བའི་མཛད་སྒོ་བསྡུས་ཤིང་། མ་དངུལ་ཞལ་འདེབས་སུ་ཕུལ་ནས་སློབ་རའི་བདེ་ཐང་འཐུང་ཆུའི་སྤྱི་ཕན་ལས་གཞིར་རོགས་རམ་བྱས་ཏེ། ས་གནས་དེའི་གྲོང་གསེབ་སློབ་གྲྭར་ཐད་ཀར་དུ་འཐུང་ཆོག་པའི་ཆུའི་གཙང་བཟོ་སྒྲིག་ཆས་གནང་ནས། གཅེས་སེམས་བྱེད་ཐབས་ལས་མཐོ་སྒང་གི་སློབ་མའི་འཐུང་ཆུའི་བདེ་ཐང་ལ་སྲུང་སྐྱོང་བྱས་ཏེ། ནན་ཐུང་དང་ཁྲི་ཀ་རྫོང་བར་གྱི་ཁ་གཏད་རོགས་སྐྱོར་མཛའ་བརྩེ་ཇེ་ཟབ་ཏུ་བཏང་།

ཁྲི་ཀ་རྫོང་ཀ་རིང་བཅའ་སྡོད་སློབ་ཆུང་གི་ཞལ་འདེབས་འབུལ་བའི་མཛད་སྒོའི་ཡུལ་དངོས་སུ་ནན་ཐུང་གི་བྱམས་ལྡན་ཁེ་ལས་པ་དང་ཁྲི་ཀ་རྫོང་གི་ཁ་གཏད་རོགས་སྐྱོར་འཛུགས་སྐྲུན་གཞུང་སྒྲུབ་ཁང་གི་འགན་འཁུར་བས་ཞལ་འདེབས་འབུལ་བའི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་དེ་ཕན་ཚུན་ལ་སྒོ་བྱང་གནང་ཞིང་། ཤོག་དཀར་ངོས་ལས་ལེ་དབར་སྟོང་ཕྲག་གིས་ཆོད་པའི་བརྩེ་སེམས་མཚོན་པར་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཁྲི་ཀ་རྫོང་གི་ཤང་དང་སྡེ་བའི་སློབ་གྲྭ་ཁ་ཤས་ཀྱི་འཐུང་ཆུའི་ཆ་རྐྱེན་ཐབས་ཆག་ཡིན་པ་དང་སློབ་གྲྭ་ཁ་ཤས་ཀྱི་འཐུང་ཆུའི་སྤུས་ཀའང་འགན་སྲུང་བྱེད་དཀའ་བར་གྱུར་ཡོད་ལ། སློབ་རའི་འཐུང་ཆུའི་གནད་དོན་ཐག་གཅོད་བྱ་ཆེད། ནན་ཐུང་གྲོང་ཁྱེར་གྱི་ཁྲི་ཀ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཚན་ཁག་གིས་སློབ་གྲྭ་ཆུང་འབྲིང་གི་བདེ་ཐང་འཐུང་ཆུའི་སྤྱི་ཕན་ལས་གཞིའི་གྲོས་འགོ་བཏོན་ཏེ། འཆར་གཞི་ལྟར་ན་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང13ལ་ཆེད་ལས་ཅན་གྱི་ཐད་ཀར་དུ་འཐུང་ཆོག་པའི་གཙང་བཟོ་སྒྲིག་ཆས་བཀོད་སྒྲིག་བྱས་ཤིང་། སློབ་མའི་འཐུང་ཆུའི་བདེ་འཇགས་ལ་ཕྱོགས་ཡོངས་ནས་འགན་སྲུང་བྱས་ནས། རྫོང་ཡོངས་ཀྱི་སློབ་མ14000ལ་ཕན་ཐོགས་ཡོད།

ཁྲི་ཀ་རྫོང་ཀ་རིང་བཅའ་སྡོད་སློབ་གྲྭའི་དགེ་རྒན་ཝང་ཅིན་ཞོན་གྱིས་བཤད་རྒྱུར།སྔོན་ཆད་སློབ་གྲྭའི་བྱིས་པ་རྣམས་ཀྱི་དུས་རྒྱུན་གྱི་འཐུང་ཆུའི་སྤུས་ཀ་བཟང་རྒྱུ་མེད་པས་བྱིས་པའི་ལུས་པོར་གནོད་པ་ཐེབས་པར་བསམ་ནས་སེམས་ཁྲལ་བྱས་པ་ཡིན། འོན་ཀྱང་ད་ལྟ་ཐད་ཀར་འཐུང་ཆོག་པའི་འཐུང་ཆུའི་སྒྲིག་ཆས་བཙུགས་པ་འདི་ནི་དངོས་གནས་དོན་བཟང་ཞིག་རེད། ནན་ཐུང་གི་བྱམས་ལྡན་ཁེ་ལས་པའི་ཞལ་འདེབས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་ཡིན།དངོས་གནས་བྱིས་པ་རྣམས་ལ་དོན་བཟང་བསྒྲུབས་པས་སེམས་པ་ཧ་ཅང་དགའ་པོ་བྱུང་སོང་ཟེར།

གྲོས་འགོ་བཏོན་རྗེས། ནན་ཐུང་གྲོང་ཁྱེར་གྱི་ན་གཞོན་དམངས་གཉེར་ཁེ་ལས་པའི་ཚོང་ཚོགས་ཀྱིས་མྱུར་དུ་དང་ལེན་བྱས་ཏེ། མ་དངུལ་སྒོར་ཁྲི16གི་ཞལ་འདེབས་བསྡུ་རུབ་བྱས་ནས། ཞལ་འདེབས་སུ་ཕུལ་བའི་མ་དངུལ་འདི་དག་སློབ་རའི་འཐུང་ཆུའི་གཙང་བཟོ་སྒྲིག་ཆས་ཉོ་སྒྲུབ་དང་སྒྲིག་འཛུགས། ཞིག་གསོ་བཅས་ཀྱི་ཕྱོགས་སུ་ཆེད་དུ་བཀོལ་ནས་ལག་ལེན་དངོས་ལས་ཁེ་ལས་ཀྱིས་སྤྱི་ཚོགས་འགན་འཁྲི་ལག་ལེན་བྱས།
ནན་ཐུང་གྲོང་ཁྱེར་གྱི་ན་གཞོན་དམངས་གཉེར་ཁེ་ལས་པའི་ཚོང་ཚོགས་ཀྱི་ཚོགས་གཙོའམ་ཅང་སུའུ་སྒྱུ་རྩལ་མ་རྐང་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་དང་སྤྱི་གཉེར་བ་དབྱང་མེང་གིས་བཤད་རྒྱུར། ས་གནས་འདིའི་བྱིས་པའི་འཐུང་ཆུའི་ཆ་རྐྱེན་ཅུང་ཞན་པ་ཤེས་རྗེས་ང་ཚོས་ཧུར་ཐག་གིས་རོགས་སྐྱོར་འབོད་སྐུལ་དང་ལེན་བྱས་པ་ཡིན། མ་དངུལ་ཞལ་འདེབས་སུ་ཕུལ་ནས་སློབ་རའི་འཐུང་ཆུའི་གཙང་བཟོ་སྒྲིག་ཆས་འཛུགས་སྐྲུན་བྱེད་ཐུབ་པ་འདི་ནི་ང་ཚོའི་ཕྲག་ཏུ་བབས་པའི་སྤྱི་ཚོགས་ཀྱི་འགན་འཁྲི་ཡིན་ལ། བརྩེ་སེམས་འདི་ལས་བྱིས་པ་རྣམས་ཀྱི་འཐུང་ཆུའི་བདེ་ཐང་ལ་འགན་སྲུང་བྱེད་ཐུབ་པའི་རེ་བ་ཡོད་ཟེར།
ཐེངས་འདིའི་ནན་ཐུང་གི་བྱམས་ལྡན་ཁེ་ལས་ཀྱི་རོགས་སྐྱོར་བྱ་བ་ནི་ཁ་གཏད་མཉམ་ལས་ཀྱི་ལག་ལེན་དངོས་ཤིག་ཡིན་པ་མ་ཟད། སྤྱི་ཚོགས་འགན་འཁྲིའི་དྲོད་ཁོལ་མངོན་པ་ཞིག་ཀྱང་ཡིན་པས། རྗེས་ཕྱོགས་ཁྲི་ཀ་རྫོང་གི་གྲོང་གསེབ་སློབ་གསོའི་སློབ་སྒྲུབ་ཆ་རྐྱེན་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས།ལོ་ཆུང་གཞོན་ནུ་རྣམས་ཀྱི་བདེ་ཐང་སྲུང་རྒྱུ་རེད།