གནད་བསྡུས། 详情

ཞི་ཅིན་ཕིང་དང་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་གིས་ཀྲུང་ཨུ་དངོས་མང་འགྲེམ་ཚོགས་སྐབས་བཅུ་པར་རྟེན་འབྲེལ་ཤིས་འཕྲིན་སྤྲིངས།

ཟླ5པའི་ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་གིས་ཀྲུང་ཨུ་དངོས་མང་འགྲེམ་ཚོགས་སྐབས་བཅུ་པར་རྟེན་འབྲེལ་ཤིས་འཕྲིན་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་ཨུའི་འཐབ་ཇུས་མཉམ་ལས་གྲོགས་པའི་འབྲེལ་བ་བཙུགས་ནས་ལོ30འཁོར་བ་དང་། 《ཀྲུང་ཨུའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ25འཁོར་བའི་ལོ་ཡིན། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན། ཀྲུང་གོ་དང་ཨུ་རུ་སུའི་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ལས་རིགས་ཁག་གིས་སྐབས་འདིའི་དངོས་མང་འགྲེམ་ཚོགས་གོ་སྐབས་སུ་བཟུང་སྟེ། ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་དང་ཕན་ཚུན་གསབ་རེས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས། ཕྱོགས་ཡོངས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་སྐུལ་སྤེལ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། ཀྲུང་ཨུ་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བརྟན་ཐོག་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་བྱས་རྗེས་གསར་པ་འཇོག་པའི་རེ་བ་བཅངས་ཡོད།

ཕུའུ་ཅིང་གིས་རྟེན་འབྲེལ་ཤིས་འཕྲིན་ནང་བསྟན་དོན། ཨུ་ཀྲུང་དངོས་མང་འགྲེམ་ཚོགས་ནི་རྒྱལ་ཁབ་གཉིས་ཀྱི་བར་གཞི་ཁྱོན་ཆེ་ཤོས་ཀྱི་འགྲེམ་ཚོགས་བྱེད་སྒོར་གྱུར་ནས། ཕྱོགས་གཉིས་ཀྱིས་ཐད་ཀར་དང་གཏིང་ཟབ་ཀྱི་གླེང་མོལ་བྱེད་པར་ལས་སྟེགས་འདོན་སྤྲོད་བྱས་ཡོད། སྐབས་འདིའི་དངོས་མང་འགྲེམ་ཚོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་། ཕྱོགས་གཉིས་ཀྱི་གཙོ་གནད་མཉམ་ལས་ཁྱབ་ཁོངས་ལ་དམིགས་ནས། གྲོས་དོན་རྒྱ་ཁྱབ་ཆེན་པོར་དམིགས་ཏེ་བསམ་བློ་བརྗེ་རེས་བྱེད་པར་དགེ་མཚན་ལྡན་པའི་གྲུབ་འབྲས་བླངས་ནས། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ཀྱི་མདུན་ལྗོངས་གསར་པ་བསྐྲུན་པར་འཆར་འགོད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་ཡིད་ཆེས་ཡོད། 

ཀྲུང་ཨུ་དངོས་མང་འགྲེམ་ཚོགས་སྐབས་བཅུ་པའི་བརྗོད་དོན་གཙོ་བོ་ནི“ཡིད་ཆེས་དང་། མཉམ་ལས། མཉམ་རྒྱལ”བཅས་ཡིན་པ་དང་། ཚོང་དོན་པུའུ་དང་། ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་། ཨུ་རུ་སུའི་དཔལ་འབྱོར་འཕེལ་རྒྱས་པུའུ། ཨུ་རུ་སུའི་བཟོ་ལས་དང་ཉོ་ཚོང་པུའུ་བཅས་ཀྱིས་མཉམ་དུ་སྒྲུབ་ལ། ཉིན་དེར་ཧེ་ལུང་ཅང་ཞིང་ཆེན་ཧ་འར་པིན་གྲོང་ཁྱེར་དུ་འཚོགས་འགོ་བརྩམས།


热门新闻

热门图库

热门排行