གནས་ཚུལ། 详情

མཚོ་ལྷོ་ཁུལ་གྱིས5·19ཀྲུང་གོའི་ཡུལ་སྐོར་ཉིན་མོའི་འོས་སྦྱོར་བྱ་འགུལ་ཁྲི་ཀ་རྫོང་དུ་སྤེལ་བ།

ཟླ5པའི་ཚེས16ཉིན། ཀྲུང་གོའི་ཡུལ་སྐོར་ཉིན་མོ་སྐབས16པ་ཐོན་ལ་ཉེ་སྐབས། མཚོ་ལྷོ་ཁུལ་གྱི5·19ཀྲུང་གོའི་ཡུལ་སྐོར་ཉིན་མོ་དང་དྭངས་གཙང་གི་རྨ་ཆུའི་ཡུལ་སྐོར་རྒྱུད་ཀྱི་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བྱ་འགུལ་དེ་ཁྲི་ཀ་རྫོང་གི་དྭངས་གཙང་རྨ་ཆུའི་ལྗོངས་ཁུལ་གྱི་ཟོ་ཆུན་འཁོར་ལོའི་ཐང་ཆེན་དུ་སྤེལ་ཞིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དོན་གྲུབ་བྱ་འགུལ་ཁྲོད་ཞུགས་ནས་བྱ་འགུལ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཐེངས་འདིའི་བྱ་འགུལ་ལས་ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་དྭངས་གཙང་རྨ་ཆུའི་སྐྱེ་ཁམས་ཡུལ་སྐོར་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་སྤྱིའི་འཆར་འགོད་ལ་དམ་པོར་དམིགས་པ་དང་། 2026ལོའི་ཀྲུང་གོའི་ཡུལ་སྐོར་ཉིན་མོ་དང་མཉམ་དུ་སྤུས་ལེགས་ཡུལ་སྐོར་ལོངས་སུ་སྤྱོད། རི་ཆུའི་མཛེས་ལྗོངས་ཁུལ་དུ་བསྐྱོད་ཞེས་པའི་བརྗོད་བྱ་གཙོ་བོ་དང་འཚམ་པར་བྱེད་པ། མཚོ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་དགེ་མཚན་དང་ཐོན་ལས་འཕེལ་རྒྱས་ཀྱི་དངོས་ཡོད་ལ་གཞིགས་པ་བཅས་བྱས་ནས། ཁྱད་ལྡན་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཤིང་། སྤུས་ལེགས་ཐོན་ཁུངས་འོས་སྦྱོར་གནད་འཁེལ་བྱེད་པ་དང་། རིག་གནས་ཡུལ་སྐོར་འཛད་སྤྱོད་ཚོང་རར་སྐུལ་སྤེལ་གཏོང་བ། ཐོན་ལས་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་བཅས་དམིགས་འབེན་དུ་བཟུང་སྟེ། རིག་གནས་ཡུལ་སྐོར་འབྲེལ་འདྲིས་དང་ཐོན་ཁུངས་སྦྲེལ་མཐུད། མཉམ་ལས་མཉམ་རྒྱལ་བཅས་ཀྱི་སྟེགས་བུ་གལ་ཆེན་ཞིག་བསྐྲུན་པ་རེད།

5ec57ce346104f408cb0541c316b4782.jpeg

བྱ་འགུལ་དེ་《བཀྲ་ཤིས་ཤོག》ཞེས་པའི་ཞབས་བྲོའི་ཁྲོད་དངོས་སུ་མགོ་བརྩམས་ཤིང་། དེའི་རྗེས་སུ་ངོ་མཚར་ཆེ་བའི་རིག་གནས་སྒྱུ་རྩལ་གྱི་ཞབས་བྲོ་མང་པོ་གཅིག་རྗེས་གཉིས་མཐུད་དུ་འཁྲབ་སྟོན་བྱས་ནས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་དེང་རབས་ཀྱི་ཁྱད་ཆོས་འདྲེས་མས་ཡུལ་དངོས་མང་ཚོགས་ལ་རིག་རྩལ་གྱ་ནོམ་པ་ཞིག་ཕུལ། ཡུལ་སྐོར་ཐོན་ཁུངས་ཀྱི་ཆེད་དོན་འོས་སྦྱོར་སྐབས་སུ་ཁུལ་རིག་གནས་ཡུལ་སྐོར་འོས་སྦྱོར་པས་མཚོ་ལྷོ་ཁུལ་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་མཛེས་ལྗོངས་དང་ལོ་རྒྱུས་རིག་གནས་ཤུལ་བཞག  ཐུན་མོང་མ་ཡིན་པའི་དམངས་སྲོལ་གོམས་གཤིས་བཅས་ཕྱོགས་ཡོངས་ནས་མངོན་པར་མ་ཟད། ཡུལ་དངོས་སུ་ཡུལ་སྐོར་ཐོན་ལས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁྱབ་བསྒྲགས་བྱས་ནས། རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ཡུལ་སྐོར་བ་དང་རིག་གནས་ཡུལ་སྐོར་ཁེ་ལས་དག་རྨ་ཆུའི་མཛེས་ལྗོངས་ལ་མཉམ་རོལ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་དུ་འཚོལ་ཞིབ་བྱེད་དུ་ཡོང་བར་ལྷག་བསམ་ཟོལ་མེད་ཀྱིས་གདན་ཞུ་བྱས་པ་རེད།

2e7d7d240cf4450b88718a6dcfae570e.jpeg

   བྱ་འགུལ་སྤེལ་ཡུལ་དུ། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ལས་དོན་ཁང་མཐུན་ཚོགས་ཀྱི་འཐུས་མི་དང་རྒྱལ་ནང་གི་སྒེར་གྱི་སྨྱན་སྦྱོར་མི་སྣ་གྲགས་ཅན་གྱིས་འཕྲིན་སྟེགས་བརྒྱུད་ནས་ཡུལ་སྐོར་ལམ་ཐིག་གཙོ་བོར་ཉམས་ལེན་དང་ས་གནས་ཀྱི་ཁྱད་ཆོས་འཚོལ་ཞིབ་བྱས་པ་དང་འབྲེལ། མཚོ་ལྷོའི་རང་བྱུང་གི་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། འཕེལ་རྒྱས་ཀྱི་རྣམ་པ་བཅས་གསོན་ཉམས་ལྡན་པའི་ངང་ཞིབ་བརྗོད་བྱས་ཡོད་ལ། ཐུང་ཁྲིན་ཡུལ་སྐོར་གྱི་འགན་འཁུར་པས་ཁྲི་ཀའི་ཡུལ་སྐོར་ཐོན་ཁུངས་ཀྱི་དགེ་མཚན་དང་ཁྱད་ལྡན་རིག་གནས། ཡུལ་སྐོར་གྱི་ཐོན་རྫས་རབ་དང་རིམ་པ་འོས་སྦྱོར་བྱས་པ་དང་། གྲངས་འཛིན་ཅན་དང་རིག་ནུས་ཀྱི་ལག་རྩལ་བྱ་ཐབས་ལ་བརྟེན་ནས་མཛུབ་རྩེའི་ཁྲི་ཀ་ཞེས་པའི་སྟབས་བདེའི་ལྟ་སྐོར་བྱེད་སྟངས་གསར་པ་སྤྱད་དེ། རྒྱང་རིང་གི་མཛེས་ལྗོངས་དེར་མྱོང་ཐུབ་པའི་ཡུལ་སྐོར་གྱི་གནས་མཆོག་ཞིག་ཏུ་འགྱུར་བ་བྱས་པ་དང་། དུས་མཚུངས་སུ་གཟུགས་འདས་ཤུལ་བཞག་རིག་གནས་གསར་གཏོད་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་འཚོང་བཅས་ཚ་ཚ་འུར་འུར་ངང་སྤེལ་བ་རེད། བོད་ལུགས་འཚེམ་དྲུབ་དང་། དམངས་ཁྲོད་ཤོག་དྲས། ཀ་པེད་བརྐོས་རིས། སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི་གཅིག་སྡུད་སྒོས་འགྲེམས་སྟོན་བྱས་པ་དང་། ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་དང་ས་གནས་དེ་གའི་སྤུས་ལེགས་ཞིང་ལས་ཁྱད་ལྡན་ཐོན་རྫས་སྣ་ཚོགས་འགྲེམས་སྟོན་བྱས་པས། རང་ཁུལ་གྱི་ཤུལ་བཞག་རིག་གནས་རྒྱུན་འཛིན་ལ་གསོན་ཤུགས་རྒྱས་པར་བྱས་ཡོད་ལ། ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་དང་ཞིང་པའི་ཡོང་སྒོ་འཕར་བར་རོགས་རམ་བྱེད་པའི་དངོས་སྒྲུབ་ལས་སྟེགས་ཤིག་ཀྱང་བསྐྲུན་ཡོད། འཛད་སྤྱོད་ཀྱི་མངོན་མེད་ནུས་ཤུགས་དང་རིག་གནས་ཡུལ་སྐོར་ཁྲོམ་ར་སྔར་བས་ཇེ་ལེགས་སུ་གཏོང་ཆེད། བྱ་འགུལ་ཡུལ་དངོས་སུ་ད་དུང་ཡུལ་སྐོར་འཛད་སྤྱོད་འཛིན་ཤོག་སྒོར་ཁྲི20བཀྲམས་པ་དེ་ཚོང་རྫས་འགྲེམས་ཚོང་དང་རིག་གནས་ཡུལ་སྐོར་ལས་གཞིའི་ཉམས་ལེན་ཁྲོད་ཐད་ཀར་སྤྱད་དེ། དམངས་ཕན་གྱི་བྱ་ཐབས་ལ་བརྟེན་ནས་འབྲས་བུ་ཐོབ་པར་བྱས་ཏེ། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་གྲོང་གསེབ་དར་སྤེལ། རིག་གནས་ཡུལ་སྐོར་ཁྱོན་ཡོངས་ནས་དར་རྒྱས་སུ་གཏོང་བར་སྐུལ་འདེད་བྱས་པ་རེད། 

    རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་རང་ཁུལ་གྱི་དྭངས་གཙང་རྨ་ཆུའི་ཡུལ་སྐོར་རྒྱུད་ཀྱི་ཕྲེང་བསྟར་བྱ་འགུལ་གྱི་བརྗོད་དོན་ཕུན་སུམ་ཚོགས་པ་དང་དུས་ཚོད་ཀྱི་གོ་རིམ་གསལ་བ། ཁྱད་ཆོས་འབུར་ཐོན་ཡིན་ལ། སླད་ཕྱིན་གྱི་ཉིན་གསུམ་ནང་རིག་གནས་ཡུལ་སྐོར་འོས་སྦྱོར་དང་། དམངས་སྲོལ་འཁྲབ་སྟོན། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན། དམངས་ཀྱི་ལུས་རྩལ། ཟས་མཆོག་འགྲན་བསྡུར། རིག་དངོས་དྲིལ་སྒྲོག་སོགས་བྱ་འགུལ་སྣ་མང་སྤེལ་རྒྱུ་རེད། 


热门新闻

热门图库

热门排行