གནད་བསྡུས། 详情

མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་རྟགས་མའི་སློབ་རའི་རྐང་གྲུག་མཉམ་འབྲེལ་འགྲན་བསྡུར་སྤེལ་མགོ་བརྩམས་པ།

རང་ཚགས་པར་གྱི་འཕྲིན། དབྱར་ཟླ་ལྔ་བར་རྩྭ་རྩི་ཤིང་ཡོད་ཚད་ལ་ཚེ་སྲོག་གི་གསོན་ཤུགས་རྒྱས། ཟླ5པའི་ཚེས14ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་རྟགས་མའི་སློབ་རའི་རྐང་གྲུག་མཉམ་འབྲེལ་འགྲན་བསྡུར་ཐོག་མ་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྐང་གྲུག་མཉམ་འབྲེལ་འགྲན་བསྡུར་སྐབས་བཅུ་གཅིག་པའི་མགོ་རྩོམ་མཛད་སྒོ་དེ་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོར་བསྡུས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གྱི་འདེམས་བསྐོའི་འོས་མི་དོན་གྲུབ་ཀྱིས་མཉམ་འབྲེལ་འགྲན་བསྡུར་སྤེལ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་། ཀའོ་ཡུང་ཧུང་དང་བསོད་ནམས་བདེ་སྐྱིད།  ཁྲེ་ཞང་ཞན།  བསོད་ནམས་སྐྱིད་བཅས་ཁུལ་རིམ་པའི་མགོ་ཁྲིད་དག་མགོ་རྩོམ་མཛད་སྒོར་ཞུགས་པ་རེད།

མགོ་རྩོམ་མཛད་སྒོར་བརྗིད་ཉམས་ལྡན་པའི་རྒྱལ་གླུ་ལེན་པའི་རྒྱལ་གླུ་བླངས་ཤིང་།  ལུས་རྩལ་པ་དང་ཤན་འབྱེད་པའི་འཐུས་མི་སོ་སོས་དམ་བཅའ་བཞག་པར་མ་ཟད།  འགྲན་བསྡུར་གྱི་སྒྲིག་སྲོལ་བརྩི་སྲུང་དང་ལུས་རྩལ་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་འདྲ་མཉམ་དྲང་གཞག་དང་གོ་རིམ་ལྡན་པའི་རྐང་གྲུག་འགྲན་བསྡུར་བྱ་རྒྱུར་ཁས་ལེན་བྱས་ཤིང་།  མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པ་དང་སློབ་མས་ངོ་མཚར་བའི་རིག་རྩལ་ལྟད་མོ་འཁྲབ་སྟོན་བྱས་པ་དང་།  མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་དང་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ལྔ་བས་ཐོག་མའི་འགྲན་བསྡུར་བྱས།  

ཐེངས་འདིའི་འགྲན་བསྡུར་ནི་མཚོ་ལྷོ་ཁུལ་གྱིས་ཚད་གཞི་མཐོན་པོས་སྤེལ་བའི་སློབ་རའི་རྐང་གྲུག་འགྲན་བསྡུར་ཐོག་མ་དེ་ཡིན་ལ། དེ་ནི་ཁུལ་ཡོངས་ཀྱི་ལོ་བཅུའི་རིང་གི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྐང་གྲུག་མཉམ་འབྲེལ་འགྲན་བསྡུར་གྱི་གྲུབ་འབྲས་རྒྱུན་འཛིན་དང་རིམ་སྤར་བྱས་པ་ཞིག་ཀྱང་ཡིན། ལོ་ཆུང་གཞོན་ནུའི་ལུས་རྩལ་གྱི་རྗེས་གྲབས་ཤེས་ལྡན་མི་སྣའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ལོ་ཆུང་གཞོན་ནུ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་ནུས་པ་སྩོལ་བའི་གསར་གཏོད་ཀྱི་ལག་ལེན་ཞིག་ཀྱང་ཡིན།  

ཐེངས་འདིའི་འགྲན་བསྡུར་ལ་བསྡོམས་པས་མཐོ་འབྲིང་སྐྱེས་མའི་རུ་ཁག་དང་དམའ་འབྲིངU16སྐྱེས་མའི་རུ་ཁག  དམའ་འབྲིངU15དངU13གྱི་སྐྱེས་པའི་རུ་ཁག  མཐོ་འབྲིང་སྐྱེས་པའི་རུ་ཁག་སོགས་རུ་ཁག་མང་པོ་བཀོད་སྒྲིག་བྱས་ཡོད་པ་དང་། ཁུལ་ཡོངས་སུ་བསྡོམས་པས་རུ་ཁག48ཀྱི་ལུས་རྩལ་པ920འགྲན་བསྡུར་ལ་ཞུགས་ཡོད་པས། འགྲན་བསྡུར་གྱི་གཞི་ཁྱོན་གྱིས་ཁུལ་ཡོངས་ཀྱི་སློབ་རའི་རྐང་གྲུག་འགྲན་བསྡུར་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཏེ། མཚོ་ལྷོ་ཁུལ་གྱི་ལོ་ཆུང་གཞོན་ནུའི་རྐང་གྲུག་ལུས་རྩལ་གྱི་ཆེས་བཟང་བའི་རྩལ་ནུས་ཀྱི་ཆུ་ཚད་དང་བསམ་པའི་རྣམ་པ་གཅིག་བསྡུས་ཀྱིས་མངོན་ཡོད་པ་རེད།

མིག་སྔར། ཁུལ་ཡོངས་སུ་རྒྱལ་ཁབ་རིམ་པའི་སློབ་རའི་རྐང་གྲུག་ཁྱད་ལྡན་སློབ་གྲྭ24དང་ཞིང་ཆེན་རིམ་པའི་སློབ་གྲྭ25བསྐྲུན་ཡོད་པ་དང་། སློབ་གྲྭ་རིམ་པའི་རྐང་གྲུག་རུ་ཁག་བརྒྱ་ལྷག་ཙམ་བཙུགས་ཏེ། ལོ་ཆུང་གཞོན་ནུ་སྟོང་ལྷག་རྐང་གྲུག་ལུས་རྩལ་ཁྲོད་ཞུགས་ཐུབ་ཡོད། ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་སྐྱེས་པ་དང་སྐྱེས་མའི་རྐང་གྲུག་འགྲན་བསྡུར་ལ་ཞིང་ཆེན་གྱི་ཨང་དང་པོ་ཐོབ་པ་དང་། སྐྱེས་པའི་རྐང་གྲུག་འགྲན་བསྡུར་དེ་རྒྱལ་ཡོངས་ཀྱི་སྤྱིའི་རྟིང་རྩོད་འགྲན་བསྡུར་གྱི་ཨང16པའི་ཁྲོད་དུ་ཚུད། ལུང་དབྱང་གཞོན་ནུའི་རྐང་གྲུག་སྦྱོང་བརྡར་རུ་ཁག་གིས་ཞིང་ཆེན་ཡོངས་ཀྱི་གཟེངས་རྟགས་འགྲན་བསྡུར་གྱི་རྩེར་སོན་པས། མཐོ་སྒང་སློབ་རའི་རྐང་གྲུག་སྤུས་རྟགས་ཀྱི་ཤུགས་རྐྱེན་མུ་མཐུད་དུ་ཆེ་རུ་བཏང་།

ཐེངས་འདིའི་མཉམ་འབྲེལ་འགྲན་བསྡུར་ནི་མཚོ་ལྷོ་ཁུལ་གྱིས་ལུས་རྩལ་སློབ་གསོ་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་སློབ་བུ་སྐྱེད་སྲིང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པར་མ་ཟད། ལུས་རྩལ་ལ་བརྟེན་ནས་ལོ་ཆུང་གཞོན་ནུའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཀྱང་ཡིན། འགྲན་བསྡུར་སྤེལ་བ་དེས་སློབ་རའི་ལུས་རྩལ་རིག་གནས་ཀྱི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་ལོ་ཆུང་གཞོན་ནུ་རྣམས་ལུས་སྦྱོང་ཁྲོད་ཞུགས་པའི་སྤྲོ་སེམས་འཕེལ་བར་བྱས་ཤིང་། ཁུལ་ཡོངས་ཀྱི་སློབ་གྲྭའི་ལུས་རྩལ་བྱ་གཞག་ཚད་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་དུས་རབས་ཀྱི་ན་གཞོན་གསར་པ་སྐྱེད་སྲིང་བྱེད་པར་ནུས་ཤུགས་ཆེན་པོ་འདོན་རྒྱུ་རེད། ། 


热门新闻

热门图库

热门排行