གཙོ་གནད།2 详情

མཚོ་ལྷོ་ཁུལ་གྱི་ཐོན་ལས་འོས་སྦྱོར་ཚོགས་འདུ་ནན་ཅིང་དུ་བསྡུས་པ།

རང་ཚགས་པར་གྱི་འཕྲིན། ཟླ5པའི་ཚེས13ཉིན། མཚོ་ལྷོ་ཁུལ་གྱི་ཐོན་ལས་འོས་སྦྱོར་ཚོགས་འདུ་ནན་ཅིང་དུ་རྒྱལ་ཁའི་ངང་བསྡུས་ཤིང་། ཅང་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་དང་། ཅང་སུའུ་ཡི་ཁེ་ལས་བརྒྱ་ལྷག་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ། སྨྱན་སྦྱོར་འཐུས་ཚབ་མི་སྣ་བཅས་ཚོགས་འདུར་ཞུགས་ནས་མཉམ་ལས་ལ་གྲོས་བསྡུར་དང་འཕེལ་རྒྱས་ལ་འཆར་འགོད་བྱས། ཚོགས་འདུ་ལས་གྲོས་མཐུན་གན་རྒྱ་མང་པོ་བཞག་པ་མ་ཟད། 2026ལོའི་ཅང་སུའུ་ཡི་ཁེ་ལས་མཚོ་ལྷོར་བསྐྱོད་པ་ཞེས་པའི་བྱ་འགུལ་སྤེལ་མགོ་བརྩམས་པ་དེས་ཅང་སུའུ་དང་མཚོ་སྔོན་གྱི་ཁ་གཏད་མཉམ་ལས་བྱ་བ་དེ་ཚད་གཞི་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་། ཅང་སུའུ་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲའོ་ཆིན་ཧུང་། ཅང་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པའམ་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་མིང་། ཅང་སུའུ་ཞིང་ཆེན་དང་མཚོ་ལྷོ་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཚོང་དོན་སོགས་སྡེ་ཁག་གི་མགོ་ཁྲིད། ཅང་སུའུ་ཡི་ཁེ་ལས་པ་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ལས་བྱེད་པ། སྨྱན་སྦྱོར་འཐུས་ཚབ་མི་སྣ་བཅས་འོས་སྦྱོར་ཚོགས་འདུར་ཞུགས། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཏེང་ཧྲེང་ཕིང་གིས་ཚོགས་འདུར་མགོ་འཛིན་བྱས།

ཅང་སུའུ་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲའོ་ཆིན་ཧུང་གིས་ཤིས་ཚིག་ཕུལ་སྐབས་ཅང་སུའུ་ཡིས་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱས་ནས་མ་འཇོག་དང་ལག་རྩལ། འཇོན་མི་བཅས་མཐོ་སྒང་ཡུལ་དུ་ཕྱོགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཅང་སུའུ་ཡི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཡུལ་དངོས་བཀོད་འདོམས་པུའུ་ཡི་སྤྱིའི་བཀོད་འདོམས་པ་ཏའེ་མིན་ཅེ་ཡིས་མཚོ་ལྷོས་ལྷག་བསམ་ཟོལ་མེད་དང་ཞབས་ཞུ་བཟང་བོ། བྱེད་ཐབས་ལེགས་པོ་བཅས་ལ་བརྟེན་ནས་ཚང་མར་མཚོ་ལྷོ་ས་ཁུལ་དུ་བློ་བདེ་བའི་ངང་མ་འཇོག་དང་སེམས་བདེ་བའི་ངང་ལས་གཏོད་བྱེད་ཐུབ་པར་འགན་སྲུང་བྱ་རྒྱུ་ཡིན་ལ། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ལས་བྱེད་པས་མཉམ་ལས་བྱ་བར་སྣེ་ཁྲིད་དེ། ཅང་སུའུ་ཡི་ཁེ་ལས་དེ་མཐོ་སྒང་གི་ཐོན་ལས་ཀྱི་ལས་རོགས་པར་འགྱུར་བར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བསྟན།

མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་སུན་ཅུན་ཞཱ་ཡིས་ཐོན་ལས་འོས་སྦྱོར་བྱས་ཤིང་། མཚོ་ལྷོ་ཁུལ་གྱི་ཐོན་ལས་གཙོ་བོ་དང་ནུས་ཁུངས་གཙང་མའི་དྲ་སྦྲེལ་སྒྲིག་ཆས་ཀྱི་ཤོང་ཚད་སྟོང་ཝ་ཁྲི3658ཡིན་པ་དང་། 100%ཡི་ལྗང་མདོག་གློག་ཤུགས་ལ་བརྟེན་ནས། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས་པ། གཟན་རྩྭ་འདེབས་འཛུགས་དང་ཕྱུགས་ཟོག་གསོ་སྤེལ། ཞིང་ལུད་འཇོག་པ་བཅས་ཀྱི་རྣམ་པར་བརྟེན་ནས་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ཀྱི་སྤུས་རྟགས་གཏོད་ཡོད་པ་དང་།  ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་བསྐྲུན་པར་མུ་མཐུད་དུ་ཤུགས་བསྣན་ཏེ། མཚོ་སྔོན་པོ་དང་ཚལ་རྔ་འགག  ཁྲི་ཀའི་མཚལ་ལྗོངས་སོགས་སྤུས་ལེགས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་ཡོད་པ་མཚམས་སྦྱོར་ཞིབ་མོ་བྱས།

གན་རྒྱ་འཇོག་པའི་གོ་རིམ་ཁྲོད་དུ། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་ཀོང་ཏ་ཁོར་སྲུང་དང་ཐུང་ཁྲིན་དྲ་རྒྱའི་ཚན་རྩལ་སོགས་ཁེ་ལས7དང་གན་རྒྱ་བཞག་པ་དང་། གུང་ཧོ་དང་ཁྲི་ཀ ཀོས་ནན། ཐུན་ཏེ། ཞིན་ཧེ་བཅས་རྫོང་ལྔ་དང་ཅང་སུའུ་ཐེན་ཧེ་ནུས་རྒྱུ་གསར་པ་དང་། ཡུན་ཅེ་ཧྥིན(ཅང་སུའུ)གྲངས་འཛིན་ཚན་རྩལ་སོགས་ཁེ་ལས་བར་གན་རྒྱ་བཞག་པའི་ཁྲོད་ནུས་རྒྱུ་གཙང་མ་དང་ཞིང་ཕྱུགས་ཐོན་རྫས་ལས་སྣོན། རིག་གནས་ཡུལ་སྐོར་མཉམ་འདྲེས། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་སུ་ཚུད་ཡོད་པས། མཚོ་ལྷོ་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

བྱ་འགུལ་སྤེལ་ཡུལ་དུ་ད་དུང་ཚོང་འགུགས་བློ་འདོན་པ་དང་ཚོང་འགུག་ཕོ་ཉ་ཞེས་པའི་གདན་ཞུའི་མཛད་སྒོ་བསྡུས་ནས། ཕ་ཡུལ་ཅང་སུའུ་ཞིང་ཆེན་ནས་ཡིན་པའི་ཚོང་འགུག་བློ་འདོན་པ་དང་ཚོང་འགུག་ཕོ་ཉ་སྐོར་ཁག་དང་པོར་གདན་ཞུའི་ཡི་གེ་སྤྲད་དེ་རྒྱུན་རྣམ་ཅན་གྱི་ཚོང་འགུག་སྦྲེལ་ཟམ་བསྐྲུན་ཡོད། མཐར2026ལོར་ཅང་སུའུ་ཁེ་ལས་མཚོ་ལྷོར་བསྐྱོད་པ་ཞེས་པའི་བྱ་འགུལ་སྤེལ་ཏེ། ས་གནས་གཉིས་ཀྱིས་ཕྱོགས་གཅིག་འོས་སྦྱོར་བྱེད་པ་ནས་ཕྱོགས་གཉིས་མཉམ་འགུལ་བྱེད་པར་སྐུལ་འདེད་བཏང་བ་རེད།

ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ནི་ཅང་སུའུ་དང་མཚོ་སྔོན་གྱིས་ཁ་གཏད་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་ཤིག་ཡིན་ལ། ཐོན་ཁུངས་གསབ་རེས་དང་གཉིས་ཕན་མཉམ་རྒྱལ་ཡོང་བའི་ལག་ལེན་ཞིག་ཀྱང་ཡིན། ཅང་སུའུ་ཡི་མ་དངུལ་དང་ལག་རྩལ། མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་ཐོན་ཁུངས་དང་མཉམ་འདྲེས་གཏིང་ཟབ་ཡོང་བ་དང་བསྟུན་ནས། མཛེས་སྡུག་ལྡན་པའི་མཐོ་སྒང་དུ་ཐོན་ལས་དར་བ་དང་། མང་ཚོགས་ཕྱུག་པོ་ཡོང་བ་བཅས་ཀྱི་རྣམ་པ་གསར་བ་ཞིག་ཆགས་བཞིན་ཡོད། །


热门新闻

热门图库

热门排行