ཞི་ཅིན་ཕིང་གིས་ཝུན་ལའེ་ཡི་རྒྱལ་རྒྱུད་འཛིན་མཁན་ལ་མཇལ་འཕྲད་གནང་བ།

ཟླ5པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཝུན་ལའེ་ཡི་རྒྱལ་རྒྱུད་འཛིན་མཁན་པིས་ལ་དང་མཇལ་འཕྲད་གནང་།
ཟླ5པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཝུན་ལའེ་ཡི་རྒྱལ་རྒྱུད་འཛིན་མཁན་པིས་ལ་དང་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཝུན་ལའེ་ནི་མཛའ་འབྲེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། མཚོ་ཐོག་དར་གོས་ཚོང་ལམ་གྱིས་རྒྱལ་ཁབ་གཉིས་དམ་པོར་སྦྲེལ་ཡོད། ཀྲུང་གོ་དང་ཝུན་ལའེ་ཡི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་ཀྱི་ཁེ་ཕན་ཐོབ་པ་མ་ཟད། རྒྱལ་ཁབ་ཆེ་ཆུང་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་མཉམ་ལས་མཉམ་རྒྱལ་གྱི་མིག་དཔེ་ཡང་བསྟན་ཡོད། ན་ནིང་ང་དང་ཧ་སང་ན་འར་སུའུ་ཏན་བར་ཀྲུང་གོ་དང་ཝུན་ལའེ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་ལེའུ་གསར་པའི་འགོ་བརྩམས་ཡོད། ད་ལོ་ནི་ཀྲུང་གོ་དང་ཝུན་ལའེ་བར་ཕྱི་འབྲེལ་བཙུགས་ནས་ལོ35འཁོར་བའི་ལོ་ཡིན། འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཝུན་ལའེ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ཁྲིད་སྟོན་དུ་བྱས་ཏེ། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་དྲང་ནུས་སྔར་ལས་མང་པོ་སྩོལ་དགོས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།ད་ལོ་ནི་ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཚུགས་པའི་ལོ་ཡིན་ལ། ཝུན་ལའེ་ཡང“2035ཡི་ཕུགས་འདུན་ཆེན་པོའི”ཕྱོགས་སུ་འབད་འཐབ་ཀྱིས་སྐྱོད་བཞིན་ཡོད་པས་ཕྱོགས་གཉིས་ཀྱིས་དེ་མཐུན་གཞིར་བྱས་ཏེ། ཀྲུང་གོ་དང་ཝུན་ལའེ་ཡི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། གཅིག་ནི་ཚད་མཐོའི་ཕན་ཚུན་ཡིད་ཆེས་བྱེད་པའི་འཐབ་ཇུས་རོགས་ཟླ་བྱས་ནས། མུ་མཐུད་དུ་ཕན་ཚུན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཏེ།ཁྱབ་ཁོངས་སོ་སོའི་སྤེལ་རེས་མཉམ་ལས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། གཉིས་ནི་གཉིས་ཕན་མཉམ་རྒྱལ་གྱི་འཕེལ་རྒྱས་རོགས་ཟླ་བྱས་ནས། མཉམ་ལས་ལས་གཞི་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་། མིས་བཟོས་རིག་ནུས་དང་གྲངས་འཛིན་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་དགོས། གསུམ་ནི་ཕན་ཚུན་རྒྱུས་མངའ་དང་མཛའ་མཐུན་གྱི་ཡ་རབས་རོགས་ཟླ་བྱས་ནས། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་དུ་བསྟར་བ་དང་། མི་ཚུལ་སྤེལ་རེས་ཇེ་ཟབ་ཏུ་བཏང་ནས་དམངས་སེམས་གཅིག་མཐུན་གྱི་ཁྱད་ཆོས་གསར་པ་གཏོད་དགོས། བཞི་ནི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་མཉམ་ལས་རོགས་ཟླ་བྱས་ཏེ་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་ལྷན་དུ།སྔར་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་བཏང་སྟེ། ས་ཁུལ་འདི་ཉིད་ལོ་བརྒྱའི་འཕོ་འགྱུར་ཁྲོད་ཀྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ཀྱི་དཔེ་སྟོན་མཐོ་ས་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།
པིས་ལ་ཡིས་ཧ་སང་ན་འར་སུའུ་ཏན་གྱིས་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས། པིས་ལ་ཡིས་བསྟན་དོན། ཀྲུང་གོ་ནི་ཝུན་ལའེ་ཡི་ཡུན་རིང་གི་གྲོགས་པོ་ཡིན་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་འབྲེལ་ཟབ་མོ་ཡོད། ཝུན་ལའེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ཏེ། ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་གཏན་འཁེལ་གནང་བའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་འདུན་པར་མཉམ་དུ་སྐུལ་འདེད་བཏང་ནས། འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། མཐོ་རིམ་བར་གྱི་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་པ། ཉོ་ཚོང་དངུལ་གཏོང་མཉམ་ལས་ལ་ཤུགས་བསྣན་ནས་ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། དབུལ་ཐར་གྲུབ་འབྲས་འཛམ་གླིང་དུ་སྐད་གྲགས་ཆོད་ཡོད། ཀྲུང་གོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་གཞི་གསར་པ་བདེ་བླག་ངང་ལག་ལེན་དུ་བསྟར་ནས་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་ཡིད་ཆེས་ཡོད། ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་པར་གནད་འགག་གི་ནུས་པ་བཏོན་ཡོད་ལ། ཝུན་ལའེ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད། ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བས་ས་ཁུལ་ལ་བདེ་སྐྱིད་བསྐྲུན་ཡོད་ལ། ཝུན་ལའེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ས་ཁུལ་དར་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད།