སྒྲོན་བརྙན། 详情

ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཨ་ན་ཉི་ལ་ཐུག་འཕྲད་གནང་བ།

2026-05-14 08:42:47 来源: 作者: 编辑:超级管理员

  500456013_63a6bc95-c9c5-4a14-9c5c-9a537b607b62.jpg

   ཟླ5པའི་ཚེས12ཉིན་གྱི་ཕྱི་དྲོར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཨ་ན་ཉི་ལ་ཐུག་འཕྲད་གནང་། 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས12ཉིན་གྱི་ཕྱི་དྲོར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཨ་ན་ཉི་ལ་ཐུག་འཕྲད་གནང་། 

   ཞི་ཅིན་ཕིང་གིས་བསྟན་དོན།མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་ཡོན་མི་འདྲ་བ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ། གོ་ལ་ཧྲིལ་པོའི་སློབ་གསོ་དང་ཚན་རིག རིག་གནས་བཅོས་སྐྱོང་བཅས་ཀྱི་སྒྱུར་བཅོས་དང་འཐུས་ཚང་ལ་དགེ་མཚན་ལྡན་པའི་བྱེད་ནུས་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས། ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཛད་རྗེས་མང་པོ་བཞག་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ།འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད། 

   ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་ལ་འགྱུར་ལྡོག་བྱུང་མེད་མོད། འོན་ཀྱང་འཇམ་འཐབ་ཀྱི་བསམ་གཞིགས་དང་། བཙན་དབང་རིང་ལུགས། ཕྱོགས་རྐྱང་རིང་ལུགས་བཅས་བསྐྱར་དུ་འཕེལ་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལམ་གྱི་བཞི་མདོ་གསར་པར་བསླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་ངོ་མ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་བོའི་བཅོས་སྐྱོང་ཁྲོད་བྱེད་ནུས་གལ་ཆེན་འདོན་པར་རྒྱབ་སྐྱོང་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་བཞི་དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་སློབ་གསོ་དང་ཚན་རིག རིག་གནས་བཅས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ལ་སྔར་བས་ལེགས་པར་ཁ་གཏད་དེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བཏོད་འདོད་ཡོད། ཕྱོགས་གཉིས་ཀྱིས་མིས་བཟོས་རིག་ནུས་དང་། སྒོ་དབྱེའི་ཚན་རིག གྲངས་འཛིན་སློབ་གསོ་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། འཛམ་གླིང་གི་དཔལ་ཡོན་སྣ་མང་རང་བཞིན་ལ་བརྩི་འཇོག་བྱ་རྒྱུ་དར་སྤེལ་གཏོང་བ་དང་། དཔལ་ཡོན་མི་འདྲ་བ་ཕན་ཚུན་བརྩི་འཇོག་དང་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་པ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་དཔལ་ཡོན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་དགོས།

500456013_45de72e9-879a-4b1f-9337-4de9b7dbae87.jpg

   ཨ་ན་ཉིས་བསྟན་དོན།མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཡིན་པའི་ཆ་ནས་ཐོག་མར་ཀྲུང་གོར་འཚམས་འདྲི་གནང་ཐུབ་པར་དགའ་བོ་བྱུང་ཡོད། ངས་ཁོངས་མིའི་རྒྱལ་ཁབ་ཁག་དང་མཐུན་སྒྲིལ་བྱས་ཏེ། གླེང་མོལ་མཉམ་ལས་དར་སྤེལ་དང་ཕན་ཚུན་ཤེས་རྟོགས་ལ་སྐུལ་སྤེལ། དཔལ་ཡོན་དཔྱད་གཞིར་འཛིན་པ་གཏིང་ཟབ་དུ་གཏོང་བ་བཅས་བྱས་ཏེ། མིའི་རིགས་ལ་ཞབས་ཞུ་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཞིག་འཛུགས་སྐྲུན་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོས་དུས་ཡུན་རིང་པོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལུ་ཤུགས་ཆེན་པོས་རྒྱབ་སྐྱོང་གནང་བར་བཀའ་དྲིན་ཞུ་རྒྱུ་ཡིན་ལ། 2014ལོར་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་སྐབས་གནང་བའི་གཏམ་བཤད་གལ་ཆེན་དེ་ད་རུང་ང་ཚོའི་སེམས་སུ་གསལ་བོར་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་བསྣན་ནས། གོ་ལ་ཧྲིལ་བོའི་སློབ་གསོ་རིག་གནས་ཀྱི་ཆུ་ཚད་མཐོར་འདེགས་དང་ཚན་རྩལ་བརྗེ་རེས་ལ་སྐུལ་སྤེལ། མིས་བཟོས་རིག་ནུས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཐུན་མོང་ཐོག་གོ་ལ་ཧྲིལ་བོའི་གྲོས་གཞི་ཆེན་མོ་བཞི་དངོས་འབེབས་བྱས་ནས་མིའི་རིགས་ཀྱི་བདེ་རྩ་ཇེ་ཆེར་གཏོང་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད། ཝང་དབྱི་ཐུག་འཕྲད་ལ་ཞུགས།།

热门新闻

热门图库

热门排行