ཞིན་ཧེ་རྫོང་གིས་ཏང་འཛུགས་སྣེ་ཁྲིད་ལ་བརྟེན་ནས་གྲོང་གསེབ་ལ་རྣམ་པ་གསར་པ་བསྐྲུན་པ།
ཞིན་ཧེ་རྫོང་ཐང་ནག་ཤང་ལུང་ཆུ་སྡེ་བས་ཅན་བཅུའི་ཏང་འཛུགས་ཀྱི་སྣེ་ཁྲིད་ལ་བརྟེན་ནས་ཏང་འཛུགས་བྱ་བ་དང་ཐོན་ལས་དར་སྤེལ། མི་སྡོད་ཁོར་ཡུག་བཅོས་སྐྱོང་། དམངས་ཚིས་ཞབས་ཞུའི་འགན་སྲུང་བཅས་དང་ཟུང་འབྲེལ་གཏིང་ཟབ་བྱས་ཏེ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱས་པ་དང་དམངས་ཕན་ཞབས་ཞུ་འཐུས་ཚང་དུ་བཏང་བ་མ་ཟད། ན་གཞོན་རྣམས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་ཡང་རྒྱབ་སྐྱོར་བྱས་ནས། བདེ་སྡོད་ལས་འཚམ་དང་། འཆམ་མཐུན་དང་བདེ་སྐྱིད་ལྡན་པའི་མཐོ་སྒང་གི་གྲོང་གསེབ་ལ་རྣམ་པ་གསར་པ་བསྐྲུན།
ད་ལོའི་ཚུན་ལ། ལུང་ཆུ་སྡེ་བས་ཅན་བཅུའི་ཏང་འཛུགས་བྱ་བའི་བླང་བྱར་དམ་པོར་དམིགས་པ་དང་། ཕྱུགས་ལས་ཁོ་ན་གཉེར་བའི་སྡེ་བའི་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་བཙུགས་ཏེ། ཏང་འཛུགས་བྱ་བ་དང་གྲོང་གསེབ་བཅོས་སྐྱོང་། དམངས་ཚིས་ལེགས་བཅོས། ཐོན་ལས་དར་སྤེལ་བཅས་དང་ཟུང་འབྲེལ་གཏིང་ཟབ་བྱས་ནས། གྲོང་གསེབ་དར་སྤེལ་ལ་སྒུལ་ཤུགས་བསྣན།
ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ཚན་ཁག་གི་སྐུལ་འདེད་འོག ཏང་ཡོན་གྱིས་སྡེ་བ་ཡོངས་ཀྱི་མང་ཚོགས་ལ་སྣེ་ཁྲིད་དེ་ཁོར་ཡུག་གཙང་དག་གི་བྱ་བ་རྒྱུན་རྣམ་ཅན་དུ་སྤེལ་བར་སྐུལ་མ་བཏང་ཞིང་། ཁྱིམ་ཚང་རེ་རེའི་ར་སྐོར་ནང་གཙང་ཞིང་གྲལ་དག་པར་བྱས་པ་དང་། སྡེ་བའི་ནང་གི་གཞུང་ལམ་དག་ཤར་བགྲོད་ཐུབ་པར་བྱས་ཤིང་། སྡེ་མི་ཚོས་རང་རྟོགས་ངང་ཁོར་ཡུག་དང་ཁྱིམ་གཞིས་སྲུང་སྐྱོང་བྱས་ནས། སྔོན་ཆད་གྲལ་མི་དག་པའི་སྲང་ལམ་དེ་ད་ལྟ་དག་གཙང་དུ་གྱུར་ཡོད་ལ། སྔོན་ཆད་བེད་མེད་དུ་ལུས་པའི་གྲུ་ཟུར་དག་ལའང་རྣམ་པ་གསར་པ་མངོན་ཡོད་དེ། དག་གཙང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཁོར་ཡུག་དེ་འབྲོག་ཁུལ་ལུང་ཆུ་སྡེ་བའི་ཆེས་ཡིད་དབང་འཕྲོག་པའི་མིང་བྱང་ཞིག་ཏུ་གྱུར་ནས། མང་ཚོགས་ཀྱི་བདེ་སྣང་མཐོ་རུ་ཕྱིན་ཡོད། དུས་མཚུངས་སུ། སྐར་གསོག་སྒོ་རྩིས་ཚོང་ཁང་བཙུགས་ནས་ཁོར་ཡུག་འཕྲོད་བསྟེན་དང་ཡ་རབས་སྲོལ་བཟང་དེ་སྐར་གསོག་དོ་དམ་ནང་བཞག་སྟེ། བསགས་སྐར་འཚོ་བའི་མཁོ་ཆས་ལ་བརྗེ་བའི་བྱེད་ཐབས་བརྒྱུད་དེ་ཚང་མར་སྤྱོད་བཟང་རྒྱུན་འཁྱོངས་དང་དགེ་སྒྲུབ་དོན་གཉེར། དཔལ་ཡོན་དར་སྤེལ་གཏོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད།
རྒན་པའི་ཚོགས་སྤྱིས་རེ་སྒུག་བྱེད་པར་དམིགས་ནས། ལུང་ཆུ་སྡེ་བས་རྒན་པའི་ཟ་ཁང་བསྐྲུན་པ་དང་ཁེར་སྡོད་རྒན་པ་རྣམས་ཀྱི་ཟ་མ་བཟའ་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་དང་། ཟ་ཁང་ནང་དུ་རྒན་པ་ཚོས་ཟ་མ་བཟའ་ཞོར་དགའ་སྤྲོའི་གླེང་མོལ་དང་དགོད་སྒྲས་ཁེངས་འདུག་པས། རྒས་དུས་རྟེན་ས་ཡོད་པ་བཅས་མངོན་འགྱུར་བྱུང་ཡོད། མི་སྡོད་ཀྱི་ཁོར་ཡུག་ཇེ་ལེགས་ནས་དམངས་ཚིས་ཞབས་འདེགས་དྲོ་སྐྱིད་ལྡན་ལ། ཁྱིམ་མཚེས་བར་གྱི་ལྟ་སྐྱོང་རོགས་རེས་བར། ཅན་བཅུའི་ཏང་འཛུགས་ནི་མཉམ་ཤུགས་ཆེན་པོ་ཞིག་དང་འདྲ་བར་སྡེ་བ་ཡོངས་ཀྱི་ལས་སྒྲུབ་ལས་བཏོད་དང་། ཁྱིམ་གཞིས་མཉམ་སྐྲུན་གྱི་སྒུལ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད་ལ། སྙིང་དཀར་རྒྱལ་དང་འདྲ་བའི་ན་གཞོན་ཚོ་ཕ་ཡུལ་དུ་ལོག་ནས་ཕུགས་འདུན་མངོན་འགྱུར་བྱེད་པའི་ལས་སྟེགས་ཤིག་ཀྱང་བསྐྲུན་ཡོད། ད་སྐབས་ལུང་ཆུ་སྡེ་བའི་ཐོན་ལས་འཕེལ་ཞིང་དར་ལ། མི་སྡོད་ཁོར་ཡུག་ལེགས་ཤིང་འཚོ་བ་བདེ་ཞིང་སྐྱིད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་བཞིན་ཡོད།
ཞིན་ཧེ་རྫོང་ཐང་ནག་ཤང་ལུང་ཆུ་སྡེ་བའི་རྩིས་གཉེར་པ་སངས་རྒྱས་ཀྱིས་བཤད་རྒྱུར། ཅན་བཅུའི་ཏང་འཛུགས་བྱ་བ་སྤེལ་བ་ནས་བཟུང་། ང་ཚོ་ལུང་ཆུ་སྡེ་བས་རྒྱ་ཆེའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཕན་ཚུན་རོགས་རམ་བྱེད་པ་དང་རྒན་པའི་ཟ་ཁང་བསྐྲུན་པ། རྒན་པའི་བདེ་སྐྱིད་དང་ཚེ་མཇུག་གི་འཚོ་བ་སོགས་བརྗོད་དོན་གཙོ་བོ་ཡིན་པའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་ཆབས་ཅིག ང་ཚོས་སྐར་མ་གསོག་པའི་བྱང་བུ་ལ་བརྟེན་ནས་འཚོ་བའི་མཁོ་ཆས་བརྗེ་བ་སོགས་བསྔགས་སྐུལ་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། སྡེ་མི་གྲོང་གསེབ་བཅོས་སྐྱོང་ཁྲོད་ཞུགས་པའི་བརྩོན་སེམས་ལ་སྐུལ་སློང་བྱས་པས། ཏང་འཛུགས་ཀྱི་བྱ་བ་དང་གཞི་རིམ་བཅོས་སྐྱོང་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་ནུས་ལྡན་བྱས་ཡོད་ལ། མི་ཚང་མས་ལས་འགན་ཡག་པོ་འཁུར་ནས་བདེ་སྐྱིད་ཀྱི་འཚོ་བ་མཉམ་དུ་རོལ་བའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད་ཟེར།