སྲིད་དོན། 详情

མཚོ་ལྷོ་ཁུལ་གྱིས5·12གནོད་འགོག་གནོད་སེལ་ཉིན་མོའི་གཅིག་བསྡུས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཟླ5པའི་ཚེས12ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་གནོད་འགོག་གནོད་སེལ་ཨུ་ཡོན་ལྷན་ཁང་གིས་གུང་ཧོ་རྫོང་གནོད་འགོག་གནོད་སེལ་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་བྱས་ཏེ། མཚོ་སྔོན་པོའི་ཐང་ཆེན་དུ་གནོད་འགོག་གནོད་སེལ་ཉིན་མོའི་གཅིག་བསྡུས་དྲིལ་བསྒྲགས་བྱེད་སྒོ་སྤེལ་མགོ་བརྩམས། དངོས་འཐབ་ནང་སྦྱོང་དང་ཚན་རིག་ཤེས་བྱ་ཁྱབ་གདལ། སྒྲིག་ཆས་འགྲེམས་སྟོན་སོགས་རྣམ་པ་བརྒྱུད་ནས། གནོད་འགོག་གནོད་སེལ་གྱི་ཤེས་བྱ་ཁྱབ་གདལ་དུ་བཏང་བ་དང་དམངས་ཡོངས་ཀྱི་འཕྲལ་སྡོམ་ནུས་པ་ཆེ་རུ་བཏང་ནས། ཁུལ་ཡོངས་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་བཏིངས།

མཚོ་སྔོན་པོའི་ཐང་ཆེན་དུ་ལས་ཁུངས་སོ་སོས་འཕྲེད་འགེལ་སྦྱར་ཡིག་འཐེན་པ་དང་འགྲེམས་པང་བསྒྲིགས་པ། ལག་དེབ་གནང་བ། ཡུལ་དངོས་བློ་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ས་མཐོའི་ས་ཡོམ་དང་རི་ཉིལ་བ། ཆུ་ལོག་དང་ཞོད་སྐྱོན། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན། ཐལ་དྲགས་པའི་གནམ་གཤིས་སོགས་རང་ས་གནས་སུ་འབྱུང་སླ་བའི་གནོད་འཚེའི་རིགས་ལ་དམིགས་ནས་ཉེན་ཁ་དབྱེ་འབྱེད་ངོས་འཛིན་དང་། ཉེན་བརྡ་གཏོང་བ། ཉེན་གཞོལ་ལམ་ཐིག རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་སོགས་ཀྱི་ཤེས་བྱ་ངོ་སྤྲོད་བྱས་ཏེ། ཆེད་ལས་ཀྱི་ཤེས་བྱ་དེ་གོ་སླ་པ་དང་སློབ་ཐུབ་པ། སྤྱོད་འཐུས་པ་བཅས་ཀྱི་དངོས་སྤྱོད་རྩལ་ནུས་སུ་བསྒྱུར།

བྱེད་སྒོའི་ཡུལ་དངོས་སུ། ཁུལ་དང་རྫོང་གི་མེ་ཟོན་སྡེ་ཁག་དང་སྤྱི་ཚོགས་རོགས་སྐྱོབ་རུ་ཁག་གིས་རོགས་སྐྱོབ་སྒྲིག་ཆས་དང་སྲོག་སྐྱོབ་ཡོ་བྱད། གཏོར་བཤིག་ཡོ་བྱད། འཕྲལ་སྡོམ་དངོས་ཟོག་སོགས་ཡོ་བྱད་སྐོར་ཞིག་གཅིག་བསྡུས་སྒོས་འགྲེམས་སྟོན་བྱས་པ་དང་། ཆེད་ལས་མི་སྣས་སྒྲིག་ཆས་ཀྱི་ནུས་པ་འགྲེལ་བཤད་བྱས་པ་དང་ལག་ལེན་བྱེད་ཐབས་གསལ་སྟོན་བྱས་ནས། ཟུར་མི་འདྲ་བ་དང་ཕྱོགས་མང་པོའི་སྒོ་ནས་ཁུལ་ཡོངས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་འགན་ལེན་གྱི་ནུས་ཤུགས་མངོན་པར་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་གནོད་འགོག་གནོད་སེལ་གྱི་ཆོད་སེམས་ཇེ་བརྟན་དུ་བཏང་།

ཐེངས་འདིའི5·12གནོད་འགོག་གནོད་སེལ་ཉིན་མོའི་གཅིག་བསྡུས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་ནི་འཕྲལ་སྡོམ་ནུས་པར་གཅིག་བསྡུས་ཀྱིས་གཟིགས་ཞིབ་དང་བདེ་འཇགས་འདུ་ཤེས་ཁྱབ་གདལ་གཏིང་ཟབ་ཏུ་གཏོང་བའི་ཆེད་དུ་ཡིན། མཚོ་ལྷོ་ཁུལ་གྱིས་དུས་ནམ་ཡང་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་དང་། ཅན་བཅུའི་ཏང་འཛུགས་ཀྱི་སྣེ་ཁྲིད་ནུས་པ་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས། ཚན་རྩལ་ཤེས་བྱ་ཁྱབ་གདལ་དང་འཕྲལ་སྡོམ་འཁྲབ་སྦྱོང་དམ་འཛིན། གཞི་རིམ་རྨང་གཞི་བརྟན་པོར་གཏོང་བར་རྒྱུན་རྣམ་ཅན་གྱི་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་ཕྱོགས་བསྡུས་གནོད་འགོག་གནོད་སེལ་གྱི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་རེད།


热门新闻

热门图库

热门排行