མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་ཡན་ཁྲེང་གྲོང་ཁྱེར་དུ་རྟོག་ཞིབ་བྱས་པ།
ཟླ5པའི་ཚེས10ཉིན་ནས་ཚེས11ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཡན་ཁྲེང་གྲོང་ཁྱེར་དུ་རྟོག་ཞིབ་བྱས་པར་མ་ཟད་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ། ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། མཉམ་གྲོས་མཉམ་ལས་དང་འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་འགོད་བྱས་ནས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་ཁ་གཏད་རོགས་སྐྱོར་བྱ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཞིང་། ཡན་ཁྲེང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲོའུ་པིང་དང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གྲོང་ཁྱེར་གྱི་མགོ་གཙོ་ཡན་ཧན་ཕིང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའམ་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་གཞོན་པ་དང་ཅང་སུའུ་ཞིང་ཆེན་གྱིས་མཚོ་ལྷོར་ཁ་གཏད་རོགས་སྐྱོར་བྱེད་པའི་ཡུལ་དངོས་བཀོད་འདོམས་པུའུ་ཡི་སྤྱིའི་བཀོད་འདོམས་པ་ཏའེ་མེན་ཅེ་བཅས་ཚོགས་འདུར་ཞུགས།
བཞུགས་མོལ་ཚོགས་འདུར་ཞུང་ཡོན་ལའེ་ཡིས་ཡན་ཁྲེང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོར་མཚོ་ལྷོ་ཁུལ་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་གཏན་འཁེལ་བྱས་ཚུན་ཡན་ཁྲེང་གྲོང་ཁྱེར་དང་ཐུན་ཏེ་རྫོང་གཉིས་ཀྱིས་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་དེ་མཛའ་བརྩེ་ཟབ་མོ་ཆགས་པ་དང་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། ཡན་ཁྲེང་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་གཏིང་ཟབ་ཅིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་བཅས་ཀྱིས་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་མང་པོ་ཆགས་ཡོད་པས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་ཅེས་བརྗོད།
ས་གནས་གཉིས་ཀྱིས་བསྡུར་གཞི་ཡོད་པའི་དགེ་མཚན་སྔར་ལས་ལྷག་པར་འདོན་སྤེལ་དང་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས། རིག་གནས་ཡུལ་སྐོར་མཉམ་འདྲེས། ལྗང་མདོག་གློག་གི་འཛད་སྤྱོད། གཞི་གྲངས་ཆེན་མོ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། མཉམ་ལས་འབྲེལ་མཐུད་ཟབ་སྤེལ་དང་སྤེལ་རེས་འགྲོ་འོང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ཁ་གཏད་རོགས་སྐྱོར་དེ་ཁྱབ་ཁོངས་སྔར་ལས་ཡངས་པ་དང་རིམ་པ་སྔར་ལས་ཟབ་པ། ཆུ་ཚད་སྔར་ལས་མཐོ་བ་བཅས་ཀྱི་ཕྱོགས་སུ་སྐྱོད་པར་སྔར་ལས་ལྷག་པར་སྐུལ་འདེད་གཏོང་བ་དང་། ལག་གདང་སྦྲེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་རེ་བ་བཏོན་ཞིང་། མཚོ་ལྷོ་ཁུལ་གྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བྱ་བར་སྔར་མུས་བཞིན་མཐོང་ཆེན་དང་ཐུགས་ཁུར། རྒྱབ་སྐྱོར་བྱས་ཏེ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་རྒྱ་ཆེའི་ལས་བྱེད་པ་དང་ཤེས་ལྡན་མི་སྣར་མཚོ་ལྷོ་ཁུལ་དུ་བློ་བདེ་བག་ཕེབས་ངང་ལས་དོན་སྒྲུབ་པ་དང་འཚོ་བ་རོལ་དུ་འཇུག་ངེས་ཡིན་ཞེས་བསྟན།
ཀྲོའུ་པིང་གིས་ཡན་ཁྲེང་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ་མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་སླེབས་པར་དགའ་བསུ་བྱས་པ་མ་ཟད། མཚོ་ལྷོ་ཁུལ་གྱིས་དུས་ཡུན་རིང་པོར་ཡན་ཁྲེང་གྲོང་ཁྱེར་གྱི་བྱ་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་ཁ་གཏད་རོགས་སྐྱོར་བྱ་བ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་སུ་གཏོང་བ་དང་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བྱེད་པར་གཞིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ཞིང་། ལོ་ལྔའི་འཆར་གཞི་བཅོ་ལྔ་པར་ཁ་གཏད་དེ། ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཅང་སུའུ་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་བླང་བྱ་ལྟར། དུས་དང་རྣམ་པ་ཀུན་ཏུ་ཐུན་ཏེ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་ཕྲག་ཏུ་བབས་པའི་ལས་འགན་ཞིག་དང་སྒྲུབ་དགོས་པའི་འགན་འཁྲི་ཞིག་ཏུ་བརྩིས་ནས། ཁ་གཏད་རོགས་སྐྱོར་བྱ་བའི་གཙོ་གནད་ལས་འགན་སོ་སོ་ནན་ཏན་གྱིས་ལག་བསྟར་བྱ་དགོས་པ་དང་། ཁྱབ་ཁོངས་སྔར་ལས་ཆེ་རུ་གཏོང་བར་ཤུགས་བསྣན་ཏེ། ཕྱོགས་གཉིས་ཀྱི་ཐོན་ཁུངས་དགེ་མཚན་དང་ཐོན་ལས་ཀྱི་རྨང་གཞི་ལ་བརྟེན་ནས། ཐོན་ལས་མཉམ་འཛུགས་དང་མཉམ་ལས་དམངས་ཕན། བརྗེ་རེས་མཉམ་འདྲེས་བཅས་གཏིང་ཟབ་ཏུ་བཏང་སྟེ།ཕྱོགས་གཉིས་ཀྱིས་མཉམ་ཤུགས་བཏོན་ནས་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱ་དགོས། རིམ་པ་འབུར་དུ་གཏོད་པ་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བརྗེ་རེས་གྲོས་མོལ་དང་མཉམ་འཛུགས་མཉམ་སྤྱོད། འཇོན་མི་སྐྱེད་སྲིང་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས། བརྗེ་རེས་མཉམ་ལས་ཀྱི་རྣམ་པ་གསར་པ་ཞིག་མཉམ་དུ་བསྐྲུན་དགོས་ཞེས་བསྟན།
རྟོག་ཞིབ་ཀྱི་སྐབས་སུ། མཚོ་ལྷོ་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པས་དམག་སྡེ་བཞི་པའི་རྗེས་དྲན་ཁང་ལ་ལྟ་སྐོར་བྱས་པ་དང་། ཅང་སུའུ་ཨོའུ་པེ་ཅཱ་ཟས་རིགས་ཚད་ཡོད་ཀུང་ཟི། ཡན་ཁྲེང་ལྗང་མདོག་ཐཱན་ཉུང་ཚན་རྩལ་གསར་སྤེལ་གླིང་། ཅིན་ཧྥེང་རྩེ་གྲས་ལག་རྩལ་ཞིབ་འཇུག་གླིང་སོགས་ཀྱི་ལས་གཞི་ལ་སློབ་སྦྱོང་རྟོག་ཞིབ་བྱས།
ཡན་ཁྲེང་གྲོང་ཁྱེར་གྱི་མགོ་ཁྲིད་ཧྥེ་ཅན་དང་ཕན་དབྱིན་ཧྭ།མཚོ་ལྷོ་ཁུལ་གྱི་མགོ་ཁྲིད་སུན་ཅུན་ཞཱ། ཏེང་ཧྲེང་ཕེང་། ཅང་སུའུ་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཞུའུ་ཝེ་བཅས་རྟོག་ཞིབ་ལ་ཞུགས།