རྒྱལ་སྤྱི། 详情

ཝང་དབྱི་ཡིས་ཕ་ཁི་སི་ཐན་གྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་པུའུ་ཀྲང་ཏ་ཨེར་ལ་ཁ་པར་བཏང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཚེས12ཉིན་གྱི་དགོང་མོར་ཕ་ཁི་སི་ཐན་གྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་པུའུ་ཀྲང་ཏ་ཨེར་ལ་ཁ་པར་བཏང་།

ཏ་ཨེར་ཡིས་ཕ་ཁི་སི་ཐན་གྱིས་སྐུལ་འདེད་བྱས་པའི་ཨ་མེ་རི་ཁ་དང་དབྱི་ལིང་གི་གྲོས་མོལ་གྱི་གནས་ཚུལ་མཚམས་སྦྱོར་བྱས། ཕ་ཁི་སི་ཐན་གྱིས་སྐུལ་འདེད་བྱས་པར་ཀྲུང་གོས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་། ཀྲུང་གོ་དང་མཉམ་དུ་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ས་ཁུལ་གྱི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་འཇོག་འདོད་ཡོད། 

ཝང་དབྱི་ཡིས་ཀྲུང་གོའི་རྩ་དོན་ལངས་ཕྱོགས་བསྐྱར་བསྒྲགས་བྱས་པ་དང་། ཕ་ཁི་སི་ཐན་གྱིས་ཨ་མེ་རི་ཁ་དང་དབྱི་ལིང་གི་གྲོས་མོལ་དང་སྐབས་འདིའི་གནས་སྐབས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་དུས་ཚོད་ཇེ་རིང་དུ་གཏོང་བར་སྐུལ་འདེད་བྱས་པར་གཟེངས་བསྟོད་བྱས། ཕ་ཁི་སི་ཐན་གྱིས་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། མུ་མཐུད་དུ་འབད་བརྩོན་བྱས་ནས། མཚོ་ཁུགས་སྒོ་འབྱེད་ཀྱི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་དང་། ས་ཁུལ་གྱི་ཞི་བདེ་སྔ་མོ་ནས་སླར་གསོ་བྱེད་པར་བྱས་རྗེས་འཇོག་དགོས་ལ། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་རེ་འདུན་ཡང་ཡིན་པས། ཀྲུང་གོས་མུ་མཐུད་དུ་ཕ་ཁི་སི་ཐན་གྱི་འདུམ་འགྲིག་ལ་རྒྱབ་སྐྱོར་བྱེད་པ་དང་། དེའི་ཐད་འབད་བརྩོན་བྱེད་འདོད་ཡོད་ཚུལ་བསྟན།

ཝང་དབྱི་ཡིས་བསྟན་དོན། ཉིན་འགའི་རྗེས་སུ་ཀྲུང་གོ་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པའི་དྲན་གསོའི་ཉིན་མོ་བསུ་རྒྱུ་རེད། ཕྱོགས་གཉིས་ཀྱིས་དྲན་གསོའི་བྱེད་སྒོ་མཉམ་དུ་ལེགས་པར་སྤེལ་ནས། མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་པ་དང་། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་པ། འགྱུར་མེད་མཁྲེགས་བཟུང་གི་མཛའ་གྲོགས་སྲ་བརྟན་དུ་གཏོང་བ། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ཐུན་མོང་ཁེ་ཕན་ལ་སྔར་ལས་ལྷག་པར་སྲུང་སྐྱོབ་བྱས་ཏེ། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དུས་གཏན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། འགྱུར་ལྡོག་མང་བའི་འཛམ་གླིང་གི་མདུན་དུ། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་སྟེགས་སྟེང་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དྲང་བདེན་གྱི་སྐད་སྒྲ་སྒྲོག་པ་དང་། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས།

ཏ་ཨེར་གྱིས་བསྟན་དོན། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པ་གོ་སྐབས་སུ་བཟུང་སྟེ། ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ། ཕ་ཁི་སི་ཐན་དང་ཀྲུང་གོའི་དུས་གཏན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད།།


热门新闻

热门图库

热门排行