གནད་བསྡུས། 详情

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《རྒྱལ་སྲིད་སྤྱི་ཁྱབ་ཁང་གི2026ལོའི་ཁྲིམས་འཛུགས་ལས་དོན་འཆར་གཞི》དཔར་འགྲེམ་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉེ་སྔོན《རྒྱལ་སྲིད་སྤྱི་ཁྱབ་ཁང་གི2026ལོའི་ཁྲིམས་འཛུགས་ལས་དོན་འཆར་གཞི》(གཤམ་དུ《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་འཛུགས་འཆར་གཞི》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་འཛུགས་འཆར་གཞི》ལས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི2026ལོའི་ལོ་འཁོར་གྱི་ཁྲིམས་འཛུགས་ལས་དོན་གྱི་སྤྱིའི་བླང་བྱ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་སྟོབས་ལྡན་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང“ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མངོན་འགྱུར་བྱེད་པ། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་ཡོང་བ་མཐའ་འཁྱོངས་བྱེད་པ། སྔར་བས་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་། སྔར་བས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུར་དམིགས་པ། ཁྲིམས་སྐྱོང་དང་བསྒྱུར་བཅོས། འཕེལ་རྒྱས། བརྟན་བརླིང་བཅས་ཕན་ཚུན་མཐུན་སྦྱོར་ཡོང་བར་སྔར་བས་མཐོང་ཆེན་བྱེད་པ། སྤྱི་ཚོགས་དྲང་གཞག་དང་དྲང་བདེན་ཡོང་བར་འགན་ལེན་དང་སྐུལ་འདེད་གཏོང་རྒྱུར་སྔར་བས་མཐོང་ཆེན་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་བརྒྱབ་ནས། ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེའི་ལས་དོན་ལ་སྐུལ་འདེད་གཏོང་བར་ཤུགས་དང་ལྡན་པའི་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་འཛུགས་འཆར་གཞིའི》ལས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་བདེ་འཇགས་སྲུང་སྐྱོང་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་བདེ་བླག་ངང་མངོན་འགྱུར་ཡོང་བར་ཞབས་འདེགས་ཞུ་རྒྱུ་དང་འགན་ལེན་བྱེད་དགོས། གཅིག་ནི་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་གཏོད་པར་དམིགས་ནས། དངུལ་རྩའི་བཅའ་ཁྲིམས་ཀྱི་འཆར་ཟིན་དང་སུས་འཇོན་འོས་སྐུལ་གྱི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གསལ་པོར་འགོད་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་སྲོལ་ཡིག་སོགས་བཟོ་དགོས། གཉིས་ནི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་དམིགས་ཏེ། སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་དང་སྲིད་འཛིན་ཁྲིམས་སྲོལ་བཟོ་བའི་གོ་རིམ་སྲོལ་ཡིག་སོགས་བཟོ་བཅོས་བྱེད་དགོས། གསུམ་ནི་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་འབད་ཇེ་མགྱོགས་སུ་གཏོང་བ་དང་། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་དམིགས་ཏེ། དགེ་རྒན་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གསལ་པོ་འགོད་པ་དང་། དྲ་སྦྲེལ་ཆ་འཕྲིན་ཞབས་ཞུའི་དོ་དམ་བྱེད་ཐབས་སོགས་བཟོ་བཅོས་རྒྱག་དགོས། བཞི་ནས་དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་བྱེད་པ་ཇེ་མགྱོགས་སུ་གཏོང་བར་དམིགས་ཏེ། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གསལ་པོ་འགོད་པ་དང་། ཆུ་མཁོ་འདོན་སྲོལ་ཡིག་བཟོ་བ་དང་། སྨན་རྫས་དོ་དམ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་སོགས་བཟོ་བཅོས་རྒྱག་དགོས། ལྔ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུར་དམིགས་ཏེ། ཡོམ་འགོག་གནོད་འཕྲིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ཁ་གསལ་བཟོ་བ་དང་ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་མངོན་མེད་རྐྱེན་ངན་སེལ་བའི་སྲོལ་ཡིག་སོགས་བཟོ་དགོས། དྲུག་ནས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཞབས་ཞུ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་བར་དམིགས་ནས། འགག་སྒོའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གསལ་པོ་འགོད་པ་དང་། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བདེ་འཇགས་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་བཟོ་དགོས་ལ། ཕྱིར་གཏོང་ནང་འདྲེན་དངོས་ཟོག་གི་ཐོན་ཁུངས་སྲོལ་ཡིག་སོགས་ལ་བཟོ་བཅོས་རྒྱག་དགོས། དེ་དང་ཆབས་ཅིག《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་འཛུགས་འཆར་གཞིའི》ནང་མི་ཐབས་རིག་ནུས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་འཛུགས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས་པ་དང་། སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། སྲིད་གཞུང་གི་འགན་ནུས་ཚུལ་སྒྱུར་ཇེ་མགྱོགས་སུ་གཏོང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་འཕྲལ་མཁོ་སོགས་ཀྱི་ཁྲིམས་འཛུགས་ལས་གཞི་ལ་སྤྱི་བསྡོམས་རང་བཞིན་གྱི་བཀོད་སྒྲིག་བྱས་ཡོད། 

《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་འཛུགས་འཆར་གཞིའི》ལས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོས་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་སྟེ། ཁྲིམས་འཛུགས་ལས་དོན་གྱི་འཆར་འགོད་ལག་བསྟར་བྱེད་པར་དངོས་གནས་དམ་འཛིན་བྱེད་དགོས། ཁྲིམས་འཛུགས་པུའུ་ཡིས་ལྟ་སྐུལ་མཐུན་སྦྱོར་ལ་ཤུགས་བསྣན་ནས་ཕྱོགས་ཡོངས་ནས་ཇུས་གཞི་དངོས་འབེབས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། །


热门新闻

热门图库

热门排行