གནད་བསྡུས། 详情

ངལ་རྩོལ་དཔེ་ལེགས་པ་ཞིག་གིས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས།

མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་པའམ་ཁྲི་ཀ་རྫོང་རྨ་ཆུའི་ཞིང་ཕྱུགས་དར་རྒྱས་གསར་སྤེལ་ཚད་ཡོད་ཀུང་ཟིའི་འགན་འཁུར་པ་ཧྲི་ལིང་ཕིང་གིས་གྲོང་ཁྱེར་གྱི་འཚོ་བའི་ཆ་རྐྱེན་བཟང་པོ་བློས་བཏང་ནས་རང་གི་ཕ་ཡུལ་དུ་ཕྱིར་ལོག་སྟེ་གཟན་ཆས་ཐོན་ལས་གཉེར་བ་རེད། ལོ་ངོ་ཉི་ཤུ་ལྷག་གི་རིང་ཁོང་གིས་ལས་གནས་བརྟན་པོར་བསྲུངས་ཤིང་དཀའ་སྤྱད་འབད་བརྩོན་གྱིས་ཁེ་ལས་ཉམས་རྒུད་ཀྱི་དཀའ་ངལ་ལས་སྒྲོལ་བར་སྣེ་ཁྲིད་ནས། ལྷག་བསམ་རྣམ་དག་གིས་ངལ་རྩོལ་དཔེ་ལེགས་པ་ཞིག་གི་འགན་འཁྲི་གཡོལ་མེད་དུ་བསྒྲུབས་ཡོད།

རྨ་ཆུའི་ཞིང་ཕྱུགས་དར་རྒྱས་གསར་སྤེལ་ཚད་ཡོད་ཀུང་ཟིའི་ཐོན་སྐྱེད་འཁོར་ཁང་དུ། ཧྲི་ལིང་ཕིང་གིས་ཐོན་སྐྱེད་ཀྱི་ལས་རིམ་སོ་སོ་སྟེ། གཟན་ཆས་འཐག་པ་དང་སྡེབ་སྦྱོར་བྱེད་པ། ཐུམ་རྒྱག་པ་སོགས་བརྒྱུད་རིམ་རེ་རེ་བཞིན་རྟོག་ཞིབ་ནན་མོ་བྱས་ཤིང་། སྤུས་ཚད་དང་འབྲེལ་བའི་གནད་དོན་ཆུང་ཙམ་ཡང་སྣང་མེད་དུ་མི་འཇོག་པར་དམ་འཛིན་བྱེད་བཞིན་ཡོད། ཁོང་གིས་གཟབ་ནན་དང་ཞིབ་ཚགས་ཀྱིས་སྤུས་ལེགས་ཐོན་རྫས་ལས་སྣོན་བྱེད་པའི་སྤུས་ཚད་ཀྱི་འགག་སྒོ་དམ་པོར་བསྲུངས་ཡོད་ལ། ཉིན་མཚན་དབྱེར་མེད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས། ངལ་རྩོལ་དཔེ་ལེགས་པ་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲིའི་འཁུར་སེམས་ལེགས་པར་མཚོན་ཡོད།

ཐོན་རྫས་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་ཆེད། ཧྲི་ལིང་ཕིང་གིས་རང་གི་ཆེད་ལས་ཤེས་བྱ་སྤྱད་དེ་ལག་རྩལ་སྡེ་ཁག་དང་། ཐོན་རྫས་དོ་དམ་སྡེ་ཁག ཞིབ་འཇུག་ཚན་ཆུང་བཅས་ཆེད་དུ་བཙུགས་ནས་ཚོད་ལྟ་ཡང་ཡང་གནང་བ་རེད། ལོ་གཉིས་ཀྱི་རིང་། ཁོང་གིས་གཟན་ཆས་གསར་པ་སྣ་ཁ10ཞིབ་འཇུག་གསར་སྤེལ་དང་། ཁེ་ལས་ཀྱི་ཚད་གཞི10གཏན་ལ་ཕབ་པར་མ་ཟད། ཐོན་སྐྱེད་ཀྱི་ཆོག་མཆན་ལག་ཁྱེར་ཡང་བླངས་པ་རེད། གྲུབ་འབྲས་དེས་རང་ཞིང་གི་རྫས་མང་གཟན་ཆས་ཐོན་སྐྱེད་ཀྱི་ཁེ་ལས་མེད་པའི་སྟོང་ཆ་བསྐངས་ཤིང་། ཀུང་ཟིས་ཕྱི་ནས་སྡེབ་རྫས་ཉོ་དགོས་པའི་གནས་བབ་ལ་འགྱུར་ལྡོག་བཏང་བས། ཁེ་ལས་ལ་ལོ་རེར་ཁེ་སྤོགས་སྒོར་ཁྲི80ལྷག་འཕར་ཡོད། དེ་མིན་ཧྲི་ལིང་ཕིང་གིས་སྒེར་སེམས་ཅི་ཡང་མེད་པར་ལག་རྩལ་རྐང་འཛིན་པ་མང་པོ་གསོ་སྐྱོང་བྱས་ཏེ། ངལ་རྩོལ་དཔེ་ལེགས་པའི་གཤིས་རྒྱུད་བཟང་པོ་མངོན་པར་བྱས་ཡོད།

ཀུང་ཟིའི་འགན་འཁུར་པ་ཧྲི་ལིང་ཕིང་གིས་བཤད་རྒྱུར། ཏང་ཡོན་ཞིག་དང་དམངས་གཉེར་ཁེ་ལས་ཀྱི་ངལ་རྩོལ་དཔེ་ལེགས་པ་ཞིག་ཡིན་པའི་ཆ་ནས། ལོ་ངོ་མང་པོའི་རིང་ངས་དུས་ནམ་ཡང་ཐོན་སྐྱེད་དང་། ཞིབ་འཇུག ཚོང་རར་འགྲེམ་སྤེལ་སོགས་ཀྱི་ལས་རིམ་སོ་སོའི་འགག་སྒོ་དམ་པོར་བསྲུངས་པ་ཡིན། རྒྱུན་ལྡན་གྱི་ལས་དོན་ལ་མྱུར་ལམ་མེད་པས་ངེས་པར་དུ་གོམ་པ་རེ་རེ་བཞིན་ནན་ཏན་གྱིས་སྒྲུབ་དགོས། ངས་མཚན་སྙན་དང་གཟི་བརྗིད་ལས་འགན་འཁྲི་ནི་དམིགས་འབེན་གཙོ་བོར་བརྩི་བཞིན་ཡོད། བྱ་བའི་ཁྲོད་དཀའ་སྡུག་མྱོང་བ་དང་འགན་འཁྲི་འཁུར་བ། མི་སྒེར་གྱི་ཐོབ་ཤོར་ལ་མ་ལྟོས་པར་ལག་རྩལ་མཉམ་སྤྱོད་བྱེད་པ། ཚོགས་པར་སྣེ་ཁྲིད་ནས་ཐུན་མོང་ཐོག་ཡར་རྒྱས་ཡོང་བར་བརྩོན་ཏེ། གཟན་ཆས་རེ་རེ་བཞིན་སེམས་རྣལ་མོས་ལེགས་པར་བཟོས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབ་པ་དང་ཕ་ཡུལ་ལ་དྲིན་འཇལ་བཞིན་ཡོད་ཟེར།

ཁོང་གི་སྣེ་ཁྲིད་བཟང་པོའི་འོག ཁེ་ལས་དེ་ཐོག་མར་གྱོང་གུན་ཕོག་པའི་གནས་སྟངས་ནས་རིམ་བཞིན་ལེགས་ལམ་དུ་ཞུགས་ཤིང་། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་གཟན་ཆས་ཁེ་ལས་རྩེ་གྲ་ཞིག་ཏུ་གྱུར་ཡོད། མིག་སྔར་ལོ་རེའི་ཐོན་སྐྱེད་བྱེད་ནུས་ཀྱི་ཚད་ཏུན་ཁྲི29ལ་སླེབས་པ་དང་། ཐོ་འགོད་མ་རྩ་སྒོར་ཁྲི3100ཡིན་ལ། སྤྱིའི་མ་དངུལ་སྒོར་ཁྲི6200ལ་སླེབས་ཡོད་ཅིང་། ལོ་རེའི་ཕྱིར་འཚོང་བྱེད་ཚད་སྒོར་ཁྲི5000ལས་བརྒལ་ཡོད། ཐོན་རྫས་དག་མཚོ་སྔོན་ཞིང་ཆེན་དང་ཀན་སུའུ། བོད་ལྗོངས། ཤིན་ཅང་སོགས་ས་ཁུལ་དག་ཏུ་བྲིན་བྱེད་བཞིན་ཡོད། དེ་བཞིན་ཚོང་གཉེར་ཚོགས་པ་མི20རུ་ཇེ་མང་དུ་སོང་སྟེ།ལོ་རེའི་ཕྱིར་འཚོང་ཚད་ཀྱང་ཏུན་ཁྲི2ལས་བརྒལ་ཡོད།

ཀུང་ཟི་དེའི་ཞིབ་དཔྱད་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲུའུ་ཕིང་གིས་བཤད་རྒྱུར། དུས་རྒྱུན་གྱི་བྱ་བའི་ཁྲོད་ཧྲི་ལིང་ཕིང་གིས་ནམ་ཡང་རང་དཔེ་གཞན་སྟོན་སྒོས་བྱ་བ་ནན་གྱིས་བསྒྲུབ་བཞིན་ཡོད་པར་མ་ཟད། ཁོང་ནི་རང་གི་ལག་རྩལ་དང་ཉམས་མྱོང་གཞན་ལ་ཕངས་མེད་དུ་མཉམ་སྤྱོད་བྱེད་པར་དགའ་ཞིང་སྒེར་སེམས་གཏན་ནས་མེད་པའི་མི་ཞིག་ཀྱང་ཡིན། ལས་བཟོ་བ་ཞིག་ཡིན་པའི་ཆ་ནས་ང་ཚོ་ཚང་མས་ཁོང་ནི་མིག་དཔེ་རུ་འཛིན་བཞིན་ཡོད་ལ། ཁོས་ཀྱང་ལག་ལེན་དངོས་ཀྱི་ཐོག་ནས་ངལ་རྩོལ་དཔེ་ལེགས་པའི་ལྷག་བསམ་རྣམ་དག་གི་ལས་འགན་བསྒྲུབས་ཡོད་ཟེར།

ཧྲི་ལིང་ཕིང་གིས་ལོ་ངོ་ཉི་ཤུའི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྔ་རྗེས་སུ་མཚོ་ལྷོ་ཁུལ་གྱི་རྩལ་ནུས་མཐོ་བའི་ཕུལ་བྱུང་ཤེས་ལྡན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་པ་སོགས་ཀྱི་མཚན་སྙན་བླངས་ཡོད་པར་མ་ཟད། ཁེ་ལས་ཀྱི་སྣེ་ཁྲིད་པའི་མཚན་སྙན་མང་པོ་བརྩོན་ལེན་བྱས་ཡོད། ད་ལྟ་ཁོང་སྔར་བཞིན་ཞིང་ཕྱུགས་ལས་ཀྱི་ལས་རིགས་ལ་གཞོལ་བཞིན་ཡོད་ཅིང་། ཞིབ་ཚགས་ཀྱིས་ཆེད་ལས་གཉེར་སྐྱོང་བྱེད་ཐབས་ལ་བརྟེན་ནས་ཕ་ཡུལ་གྱི་ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་སྣོན་བཞིན་ཡོད།།


热门新闻

热门图库

热门排行