གནས་ཚུལ། 详情

ལྔ་གཅིག་གུང་གསེང་སྐབས་རང་ཁུལ་གྱི་རིག་གནས་ཡུལ་སྐོར་ཁྲོམ་ར་དར་ཞིང་རྒྱས་པ།

ད་ལོའི་ལྔ་གཅིག་གུང་གསེང་སྐབས། རང་ཁུལ་གྱི་རིག་གནས་ཡུལ་སྐོར་ཁྲོམ་རར་འཁྲུག་ཆ་དོད་པོ་ཡིན་ལ། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་མཛེས་ལྗོངས་དང་མི་ཆོས་རིག་གནས་སྣང་ཚུལ་གྱི་ནང་དོན་ཟབ་པ། ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་བཅས་ལ་བརྟེན་ནས། རང་ཁུལ་གྱིས་ཁྱད་ལྡན་བྱ་འགུལ་སྣ་ཚོགས་སྤེལ་བ་དང་། འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད། ཞབས་ཞུ་འགན་ལེན་བཅས་བྱས་པ་བརྒྱུད། ས་ཁོངས་ཧྲིལ་པོར་དར་རྒྱས་ཀྱི་རྣམ་པ་མངོན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། གུང་གསེང་སྐབས་ཁུལ་ཡོངས་སུ་ཡུལ་སྐོར་བ་མི་ཐེངས་ཁྲི38.76ལ་སྣེ་ལེན་བྱས་ཤིང་། དུས་མཉམ་ལས1.52%འཕར་བ་དང་། ཡུལ་སྐོར་གྱི་འཛད་སྤྱོད་སྒོར་ཁྲི9205.17སླེབས་ཏེ་དུས་མཉམ་ལས1.7%འཕར་ནས་སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཐད་གྲུབ་འབྲས་བཟང་པོ་བླངས་ཡོད།

མཐོ་སྒང་གི་མཛེས་ལྗོངས་ཁུལ་ཞེས་གྲགས་པའི་ཁྲི་ཀ་རྫོང་གིས་གནམ་འོག་རྨ་ཆུ་ཁྲི་ཀར་དྭངས་ཞེས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་བརྟེན་ནས་ཡུལ་སྐོར་བ་ཡོང་སའི་གནས་མཆོག་ཏུ་གྱུར་ཡོད། གུང་གསེང་སྐབས་ཁྲི་ཀ་རྫོང་གིས་རིག་གནས་ཡུལ་སྐོར་དང་དམངས་སྲོལ་མྱོང་རོལ། གྲོང་གསེབ་སྤྲོ་གསེང་བཅས་ཀྱི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་དང་ཁྱད་ལྡན་རིག་གནས་བྱ་འགུལ་ཐེངས13ལ་སྤེལ་བ་དང་། གུང་གསེང་འཛད་སྤྱོད་ཀྱི་སྤྲོ་སེམས་རྒྱུན་མཐུད་ངང་འཕེལ་བར་བྱས་ཡོད། དྭངས་གཙང་རྨ་ཆུའི་མཛེས་ལྗོངས་ཁུལ་དང་ཁྲི་ཀའི་གནའ་མཁར། རྨ་ཆུའི་ཆི་ཧྲི་ཡོན་སོགས་ལྟེ་བའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་བོ་སྣེ་ལེན་བྱེད་ཀྱི་ཡོད། དེ་མིན་རྨ་ཆུའི་ཟས་མཆོག་ལ་རོལ་བ།གཟུགས་འདས་ཤུལ་བཞག་རིག་གནས་ལ་མྱོང་རོལ་བྱེད་པ་བཅས་ཡུལ་སྐོར་བ་ཚོའི་གདམ་ག་གཙོ་བོར་གྱུར་ཡོད།

ཟི་ལིང་གི་ཡུལ་སྐོར་བ་ཨན་ཁྲང་ཆང་གིས་བཤད་རྒྱུར། ལྔ་གཅིག་གི་སྐབས་དང་བསྟུན་ནས་ཁྲི་ཀའི་ཡུལ་སྐོར་བ་རྣམས་ལ་གནས་མཆོག་ཁྲི་ཀའི་མཛེས་ལྗོངས་ཀྱི་ཡིད་དབང་འཕྲོག་ཏུ་བཅུག་ཡོད་ལ། གནས་འདིའི་གནམ་གཤིས་ཀྱི་དྲོད་གྲངས་སྙོམས་པ་དང་། རྨ་ཆུའི་རྒྱུད་ཀྱི་མཛེས་ལྗོངས་ལྟ་ན་སྡུག་ལ། རྫོང་མཁར་ཀྱི་ཁོར་ཡུག་གཙང་ཞིང་དག་པ། གནས་འདིའི་མི་རྣམས་ཀྱིས་སྤྲོ་སེམས་ཆེན་པོས་ཡུལ་སྐོར་བ་མང་བོ་སྣེ་ལེན་ཞུ་བཞིན་ཡོད། འགྲོ་འདུག་སྟབས་བདེ་ཡིན་པ་དང་ཞབས་ཞུ་ལེགས་ལ། གྲོང་ཁྱེར་གྱི་འདུ་འཛི་དང་བྲལ་བ། ཐེངས་འདིའི་ལྔ་གཅིག་སྐབས་ཁྲི་ཀར་ཡོང་ནས་ཡུལ་སྐོར་སྐྱིད་པོར་རོལ་བྱུང་བས། གྲོགས་པོ་དང་ཉེ་མི་ལའང་གནས་འདི་འོས་སྦྱོར་བྱས་པ་ཡིན་ཟེར།

ས་གནས་ཡུལ་སྐོར་བ་པའེ་ཅིང་ཅཱ་ཡིས་བཤད་རྒྱུར། ས་གནས་ཀྱི་མི་ཞིག་ཡིན་པའི་ཆ་ནས།  ང་རང་ལོ་རེའི་ལྔ་གཅིག་དུས་ཆེན་ལ་ཉེ་འགྲམ་དུ་སྤྲོ་གསེང་དུ་འགྲོ་རྒྱུར་དགའ། ད་ལྟ་ཁྲི་ཀར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རྨ་ཆུའི་འགྲམ་རྒྱུད་ཀྱི་བཅོས་སྐྱོང་གི་གྲུབ་འབྲས་མངོན་གསལ་རེད། ཁོར་ཡུག་འཕྲོད་བསྟེན་ཡང་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། གཞུང་ལམ་གཙང་ཞིང་སྒྲིག་བཀོད་ཀྱང་ཆ་ཚང་རེད། ང་ཚོ་ཐག་རིང་དུ་འགྲོ་མི་དགོས་པར་སྒོ་ཁ་ནས་རྨ་ཆུའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་རོལ་མྱོང་བྱས་ཆོག་པ་དང་། མཁའ་དབུགས་དྭངས་ཤིང་ཁོར་ཡུག་མཛེས། ཕ་ཡུལ་གྱི་རིག་གནས་ཡུལ་སྐོར་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པ་མཐོང་ན་སེམས་པ་ཤིན་ཏུ་སྤྲོ་བ་ཞིག་རེད་ཟེར།

རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་ནུས་པ་འདོན་སྤེལ་བྱ་ཆེད། ཁྲི་ཀ་རྫོང་གིས་ཡུལ་སྐོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་གྱི་བྱ་དགའི་བྱེད་ཐབས་བཏོན་ནས། མཛེས་ལྗོངས་ཁུལ་གྱི་འཛིན་བྱང་གི་རིན་གོང་ཇེ་དམའ་རུ་གཏོང་བ་དང་སྐར་རིམ་མགྲོན་ཁང་གི་གཟིགས་སྐྱོང་རིན་གོང་སོགས་སྲིད་ཇུས་རབ་དང་རིམ་པ་བཏོན་ཏེ། ཡུལ་སྐོར་བ་ཁྲི་ཀར་ཡོང་བར་སྐུལ་ཁྲིད་བྱེད་པ་ཞེས་པའི་བྱེད་ཐབས་མུ་མཐུད་དུ་སྐུལ་འདེད་བཏང་བར་གྲུབ་འབྲས་གསར་པ་བླངས་པ་དང་། དེ་དང་ཆབས་ཅིག་གྱེན་འཕུར་གནམ་གྲུའི་ཡུལ་སྐོར་དང་ཕྱི་རོལ་སྤྲོ་གསེང་ཁུལ། ཀྲུང་གོའི་སྲོལ་རྒྱུན་གྱི་གྱོན་གོས་ཉམས་ལེན་སོགས་སྣ་མང་ཅན་གྱི་རོལ་རྩེད་རྣམ་གྲངས་འཕེལ་རྒྱས་ལ་ཤུགས་སྣོན་བྱས་ནས། ན་ཚོད་མི་འདྲ་བའི་ཡུལ་སྐོར་བའི་དགོས་མཁོ་བསྐངས་ཡོད།

ཁྲི་ཀ་རུའེ་ཀྲི་མཁར་ཤང་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་མཱ་ཧུང་མེ་ཡིས་བཤད་རྒྱུར། ལྔ་གཅིག་གུང་གསེང་སྐབས་ཁྲི་ཀའི་གནའ་མཁར་དུ་འདུ་འཛི་ཧ་ཅང་ཆེ། ང་ཚོས་གནའ་མཁར་ཇ་ཁང་དང་ཞིང་ལས་རིག་གནས་བར་ཁྱམས། ཀྲོང་ཡོན་བར་ཁྱམས་བཅས་གསར་དུ་བསྐྲུན་པ་དང་། ད་དུང་ད་ལྟ་དར་ཁྱབ་ཆེ་བའི་ཨོག་ལེན་རོལ་ཆས་པར་ལེན་ས་ཚིགས་བཅས་ལ་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། བཟའ་བཏུང་ལས་རིགས་ཀྱི་ཡོང་སྒོའང་འཕར་ནས་གང་སར་དགའ་སྤྲོའི་རྣམ་པས་ཁེངས་ཡོད།

ད་ལོའི་ལྔ་གཅིག་གུང་གསེང་སྐབས། མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་མཛེས་ལྗོངས་དང་ཁྱད་ལྡན་བྱ་འགུལ། སྤུས་ལེགས་ཞབས་ཞུ་བཅས་ལ་བརྟེན་ནས། བདེ་འཇགས་དང་གོ་རིམ་ལྡན་པ། སྤུས་ལེགས་དང་བློ་བདེ་བ་བཅས་ཀྱི་རིག་གནས་ཉམས་ལེན་བྱེད་ས་བཏོད་པ་དང་། གནས་མཆོག་མཚོ་ལྷོའི་རིག་གནས་ཡུལ་སྐོར་མིང་བྱང་ལ་རྒྱུན་མཐུན་ངང་ཤུགས་སྣོན་བྱས་ནས། མཚོ་ལྷོའི་རིག་གནས་ཡུལ་སྐོར་ཁྲོམ་རའི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།


热门新闻

热门图库

热门排行