ཞིན་ཧེ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་གཞུང་ལམ་བདེ་འཇགས་ལ་འགན་སྲུང་བྱས།
ཞིན་ཧེ་རྫོང་མཁར་གྱི་ཁྲོམ་གཞུང་དང་། ཤང་དང་གྲོང་བརྡལ་སོ་སོའི་གཞུང་ལམ་གཙོ་བོའི་འགྲིམ་འགྲུལ་ལ་གོ་རིམ་ལྡན་པ་དང་། རླངས་འཁོར་དང་རྐང་ཐང་བ་རང་རང་གི་བགྲོད་ལམ་དུ་ཤར་བགྲོད་ཐུབ་པ་མ་ཟད། ལས་རེས་ཉེན་རྟོག་པ་དང་དང་བླངས་ཉེན་རྟོག་པས་ལས་གནས་བརྟན་སྲུང་དང་ཁྲིད་སྟོན་ལེགས་པོ་བྱས་ནས། ཁོངས་གཏོགས་ཁུལ་གྱི་གཞུང་ལམ་བདེ་འཇགས་ལ་འགན་སྲུང་བྱས།
རྨོག་ཞྭ་གཅིག་དང་སྐྱོབ་ཐག་གཅིག་གི་བདེ་འཇགས་སྲུང་སྐྱོང་གི་ཆེད་དོན་འགུལ་སྐྱོད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ཆེད། ཞིན་ཧེ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ལག་གདང་སྦྲེལ་ཞེས་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་སྤུས་རྟགས་བྱ་འགུལ་གསར་གཏོད་བྱས་ཤིང་། སློབ་མའི་དང་བླངས་པ་རྩ་འཛུགས་བྱས་ནས་གྲོང་ཁུལ་གྱི་ཁྲོམ་གཞུང་དང་ལམ་མདོ་རུ་འཕྲུལ་རྟ་དང་གློག་སྒུལ་རླངས་འཁོར་གཏོང་མཁན་གྱིས་བདེ་འཇགས་རྨོག་ཞྭ་གྱོན་མེད་པ་སོགས་ཀྱི་རྒྱུན་མཐོང་གི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་དམིགས་ཏེ། སློབ་སྟོན་དང་སྒྲོག་འགྲེལ་ལེགས་པོ་བྱས་པ་དང་། དཔལ་ཁ་གྲོང་བརྡལ་དང་རྫོང་མཁར་གྱི་གྲོང་ཁུལ་གཙོ་བོར་རླངས་འཁོར་གང་འདོད་དུ་འཇོག་པ་དང་རྐང་ཐང་བ་གཞུང་ལམ་དུ་འཕྲེད་བརྒལ་བྱེད་པ། སློབ་གྲྭའི་ཉེ་འཁོར་དུ་འགྲིམ་འགྲུལ་འཚང་ཁ་ཆེ་བ་དང་བདེ་འཇགས་སྲུང་སྐྱོང་ལ་གནོན་ཤུགས་ཆེ་བ་སོགས་ཀྱི་ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་གནད་དོན་ལ་དམིགས་ནས། རུ་ཆེན་གྱིས་རང་འགུལ་ངང་ལས་འགན་སྒྲུབ་པ་དང་མཉམ་འབྲེལ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། དང་བླངས་ཉེན་རྟོག་རུ་ཁག་དང་མཉམ་དུ་འགྲིམ་འགྲུལ་སློབ་སྟོན་ཆེད་དོན་རུ་ཁག་བཙུགས་ནས། དུས་བཀག་ལྟར་གྲོང་ཁུལ་གྱི་གཞུང་ལམ་གཙོ་བོ་དང་སློབ་གྲྭའི་ཉེ་འཁོར་གྱི་འགྲིམ་འགྲུལ་སྒྲིག་ལམ་སྒྲིག་བཅོས་བྱེད་པའི་ཆེད་དོན་བྱ་འགུལ་སྤེལ།
ཞིན་ཧེ་རྫོང་གི་སྡོད་དམངས་སྟོབས་ལྡན་ཚེ་རིང་གིས་བཤད་རྒྱུར། ང་རང་ཞིན་ཧེ་རྫོང་གི་སྡོད་དམངས་ཞིག་ཡིན། སྔོན་ཆད་ང་ཚོའི་བདེ་འཇགས་ཀྱི་འདུ་ཤེས་ཧ་ཅང་ཞན་པས་རླངས་འཁོར་གཏོང་དུས་སྐྱོབ་ཐག་མི་འཆིང་པ་དང་བདེ་སྲུང་རྨོག་ཞྭ་མི་གྱོན་མཁན་སོགས་མང་པོ་ཡོད། འགྲིམ་འགྲུལ་ཉེན་རྟོག་པས་སློབ་སྟོན་དང་བདེ་འཇགས་ཤེས་བྱ་དྲིལ་སྒྲོག་བྱས་པ་བརྒྱུད། ང་ཚོའི་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་ཕྱིན་ནས་ཕྱིར་སྐྱོད་ལ་འགན་སྲུང་ཆེན་པོ་བྱས་ཡོད་ཟེར།
ད་ལོའི་ཚུན་ལ། ཞིན་ཧེ་རྫོང་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་བྱ་བའི་ལྟེ་བའི་དམིགས་ཚད་གཏན་འཁེལ་བྱས་ཏེ། ཅན་བཅུའི་ཏང་འཛུགས་བྱ་བའི་བཀོད་སྒྲིག་བླང་བྱ་ནན་མོ་བཏོན་ནས། མང་ཚོགས་བདེ་འཇགས་དང་སྟབས་བདེའི་ངང་ཕྱིར་བསྐྱོད་རྒྱུ་དེ་དུས་ནམ་ཡང་བྱ་བའི་མགོ་འཛུགས་སར་བརྩིས་ཏེ། མང་ཚོགས་ཕྱིར་སྐྱོད་སྐབས་སེམས་ཁྲལ་བྱེད་པའི་གནད་དོན་ལ་དམ་པོར་དམིགས་པ་དང་། དམིགས་འབེན་ལ་ཁ་གཏད་ནས་བྱ་ཐབས་སྣ་མང་མཉམ་དུ་སྤྱད་དེ་འགྲིམ་འགྲུལ་གྱི་མངོན་གསལ་དོད་པའི་སྣང་ཚུལ་བཅོས་སྒྲིག་དང་། གཞུང་ལམ་གྱི་བདེ་འཇགས་སྒྲིག་བཀོད་ཇེ་ལེགས་སུ་གཏོང་བ། འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། གནམ་གཤིས་ཀྱི་འཕྲལ་སྡོམ་ཤར་གཏོང་ལ་དམ་འཛིན་བྱེད་པ། ཕྱོགས་ཡོངས་ནས་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ལ་ཁག་ཐེག་བཅས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཕྱིར་སྐྱོད་སྐབས་ཀྱི་བདེ་སྣང་དང་སྐྱིད་སྣང་། ཡིད་ཚིམ་ཚད་བཅས་མུ་མཐུད་དུ་མཐོ་རུ་བཏང་ཡོད།
ཞིང་ཧེ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་རུ་གཙོ་བསོད་ནམས་བཀྲ་ཤིས་ཀྱིས་བཤད་རྒྱུར། ཁུལ་ཨུའི་ཏང་འཛུགས་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་བླང་བྱ་ལྟར། ཞིན་ཧེ་རྫོང་སྤྱི་བདེ་ཅུའུ་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་མཉམ་འགུལ་སྔོན་ཚུད་ཉེན་བརྡའི་བླང་བྱ་གཞིར་བཟུང་ནས། འགྲིམ་འགྲུལ་སློབ་སྟོན་མི་སྣའི་རུ་ཁག་བཙུགས་ཏེ། རྨོག་ཞྭ་གཅིག་དང་སྐྱོབ་ཐག་གཅིག་གི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་མུ་མཐུད་དུ་སྤེལ་ནས། ས་བབ་མཐོ་ཤོས་ཀྱི་ལམ་མཚམས་ལྟར་དུས་ཚོད24རིང་ལ་ཤར་གཏོང་ཐུབ་པར་འགན་ལེན་བྱས་པས། ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་འགྲིམ་འགྲུལ་དོན་རྐྱེན་ཇེ་དམའ་རུ་བཏང་ཡོད་ཟེར།