ཏིང་ཞུའེ་ཞང་གིས་རྨང་གཞིའི་ཞིབ་འཇུག་ལ་རྟོག་ཞིབ་གནང་བ།
ཏིང་ཞུའེ་ཞང་གིས་རྨང་གཞིའི་ཞིབ་འཇུག་ལ་རྟོག་ཞིབ་གནང་སྐབས་རྨང་གཞིའི་ཞིབ་འཇུག་གི་བཞུགས་མོལ་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྨང་གཞིའི་ཞིབ་འཇུག་གི་ཆུ་ཚད་དང་ཐོག་མའི་གསར་གཏོད་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་སྔ་རྗེས་སུ་ཧྥུའུ་ཅན་དང་། ཧྲང་ཧའེ། པེ་ཅིན་བཅས་སུ་ཕེབས་ནས་རྨང་གཞིའི་ཞིབ་འཇུག་ལ་རྟོག་ཞིབ་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྨང་གཞིའི་ཞིབ་འཇུག་གི་བཞུགས་མོལ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ནས། དུས་རབས་གསར་པའི་འཐབ་ལམ་གསར་པའི་སྟེང་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བར་འབོད་སྐུལ་གནང་བས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་སྒྲིག་སྲོལ་གྱི་དགེ་མཚན་གསར་པ་འདོན་སྤེལ་དང་། “ལོ་བཅུའི་རིང་ལ་རལ་གྲི་གཅིག་བརྡར་བའི”བརྟན་སེམས་དང་སྙིང་རུས་ལ་བརྟེན་ནས། རྨང་གཞིའི་ཞིབ་འཇུག་ཆུ་ཚད་དང་ཐོག་མའི་གསར་གཏོད་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས།

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་སྔ་རྗེས་སུ་ཧྥུའུ་ཅན་དང་། ཧྲང་ཧའེ། པེ་ཅིན་བཅས་སུ་ཕེབས་ནས་རྨང་གཞིའི་ཞིབ་འཇུག་ལ་རྟོག་ཞིབ་གནང་། འདི་ནི་ཟླ5པའི་ཚེས7ཉིན་ཏིང་ཞུའེ་ཞང་གིས་ཀྲུང་གོའི་ཚན་རིག་གླིང་སློབ་ཆེན་དུ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད།
ཏིང་ཞུའེ་ཞང་གིས་ཀྲུང་གོའི་ཚན་རིག་གླིང་དང་ཧོའེ་རོའུ་རྒྱལ་ཁབ་ཚོད་ལྟ་ཁང་དུ་ཕེབས་ནས་ཐོག་མའི་གསར་གཏོད་དང་གནད་འགག་གི་ལྟེ་བའི་ལག་རྩལ་འགག་སྒྲོལ་གྱི་འཕེལ་རིམ་རྒྱུས་ལོན་གནང་། ཁོང་གིས་བསྟན་དོན། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་རྨང་གཞིའི་ཞིབ་འཇུག་འཕེལ་རྒྱས་གཏོང་དགོས། “ཁ་ཕྱོགས་པ་བཞི”ཡི་འཐབ་ཇུས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། རྨང་གཞིའི་ཞིབ་འཇུག་གི་བཀོད་པ་ལེགས་སྒྱུར། ཐོག་མའི་གསར་གཏོད་རང་བཞིན་དང་རྩ་སློག་རང་བཞིན་གྱི་གསར་གཏོད་ལ་ཤུགས་བསྣན་ཏེ། ཚན་རིག་འཚོལ་ཞིབ་དང་ལག་རྩལ་གསར་གཏོད་ཕན་ཚུན་སྐུལ་འདེད་དང་མཉམ་དུ་ཡར་རྒྱས་ཡོང་བར་བྱེད་དགོས། ཏིང་ཞུའེ་ཞང་གིས་ཡུལ་དངོས་སུ་མཐོ་ནུས་མཉམ་འགྲོས་ཀྱི་འོད་འཕྲོའི་འོད་ཁུངས་ལ་གཟིགས་ཤིང་། ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་ཞིབ་འཇུག་གི་རྨང་གཞིའི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བ། རྨང་གཞིའི་ཞིབ་འཇུག་གནད་འགག་ལས་སྒྲོལ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་སྔ་རྗེས་སུ་ཧྥུའུ་ཅན་དང་། ཧྲང་ཧའེ། པེ་ཅིན་བཅས་སུ་ཕེབས་ནས་རྨང་གཞིའི་ཞིབ་འཇུག་ལ་རྟོག་ཞིབ་གནང་། འདི་ནི་ཟླ4པའི་ཚེས30ཉིན་ཏིང་ཞུའེ་ཞང་གིས་ཧྲང་ཧེ་འགྲིམ་འགྲུལ་སློབ་ཆེན་དུ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད།
ཆུ་ཚད་མཐོ་བའི་ཞིབ་འཇུག་རྣམ་པའི་སློབ་ཆེན་ནི་རྨང་གཞིའི་ཞིབ་འཇུག་གི་གཙོ་ཤུགས་དམག་དང་འཇོན་མི་གསོ་སྐྱོང་གི་གནས་གཞི་གཙོ་བོ་ཡིན། ཏིང་ཞུའེ་ཞང་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དང་ཀྲུང་གོ་ཚན་རིག་གླིང་སློབ་ཆེན་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་བསྟན་དོན། སློབ་གསོའི་ཚན་རྩལ་འཇོན་མི་གཞི་གཅིག་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། རྨང་གཞིའི་རིག་གཞུང་ཚན་ཁག་འཛུགས་སྐྱོང་དང་རྩེར་སོན་གསར་གཏོད་འཇོན་མི་རང་བདག་གིས་གསོ་སྐྱོང་བྱེད་པར་ཤུགས་སྣོན་དགོས་ལ། ན་གཞོན་ཚན་རྩལ་མི་སྣས་འགན་གཙོ་བོ་འཁུར་བ་དང་གཙོ་འཁྲབ་བྱེད་པར་རྒྱབ་སྐྱོར་བྱ་དགོས། ཀྲུང་གོའི་ཚན་རིག་ཁང་དང“མདེལ་གཉིས་སྐར་གཅིག”གི་རྗེས་དྲན་ཁང་ལ་གཟིགས་ཞིབ་སྐབས། ཏིང་ཞུའེ་ཞང་གིས་བསམ་པའི་སྟོབས་ཤུགས་མེད་ན་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་འབད་ཡོད་མི་སྲིད་ཅིང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱས་ཏེ། རྒྱ་ཆེའི་ཚན་རྩལ་མི་སྣས་རྒྱལ་ཁབ་ཀྱི་འགན་འཁྲི་འཁུར་བ་དང་ཚན་རིག་གི་ཡང་རྩེར་སྙེག་པའི་བློ་སྤོབས་ལ་སྐུལ་སློང་བྱེད་དགོས།
ཉིང་ཏིག་ཧྲི་ཏའེ་ནུས་ཁུངས་གསར་བའི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་དང་ཧྭ་ཝེ་ལིན་ཆིའུ་ཧུའུ་ཞིབ་འཇུག་གསར་སྤེལ་ལྟེ་གནས་སུ། ཏིང་ཞུའེ་ཞང་གིས་ཚན་རྩལ་སྣེ་ཁྲིད་ཁེ་ལས་ཀྱི་རྨང་གཞིའི་ཞིབ་འཇུག་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོང་གིས་ཚན་རྩལ་སྣེ་ཁྲིད་ཁེ་ལས་ཀྱིས“1ནས100བར”གྱི་ལག་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་ལ་བྱང་ཆ་ལྡན་དགོས་པ་མ་ཟད། ད་དུང“0ནས1བར”གྱི་གསར་གཏོད་ཐོད་བརྒལ་བྱེད་ཕོད་དགོས། རྨང་གཞིའི་ཞིབ་འཇུག་དང་། ཉེར་སྤྱོད་གསར་སྤེལ། གྲུབ་འབྲས་གཞན་སྒྱུར་བཅས་གཞི་གཅིག་ཏུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། མགོ་ཁུངས་ནས་སྟེང་རིམ་བར་གྱི་ལག་རྩལ་གྱི་གནད་དོན་ཐག་གཅོད་བྱེད་པར་སྔར་ལས་མཐོང་ཆེན་བྱས་ཏེ། རྨང་གཞིའི་ཞིབ་འཇུག་གི་ནུས་པར་བརྟེན་ནས་ལས་རིགས་ཀྱི་སྔོན་ཐོན་གནས་བབ་ཇེ་བརྟན་དུ་གཏོང་དགོས།
རྟོག་ཞིབ་ཁྲོད། ཏིང་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པའི་བཞུགས་མོལ་གྲོས་ཚོགས་བསྡུས་པ་ནི་རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། ང་ཚོས་ཏང་ཀྲུང་དབྱང་གི་འཐབ་ཇུས་དགོངས་པར་གོ་བ་ཟབ་མོ་ལེན་པ་དང་། མ་ལག་གི་བཀོད་སྒྲིག་དང་གཅིག་གྱུར་འཆར་འགོད་གྱི་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་སྣེ་ཁྲིད་ནུས་པ་དང་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ཀྲུང་དབྱང་དང་ས་གནས་ཀྱི་མཐུན་སྦྱོར་དང་། སྡེ་ཁག་མཉམ་འགུལ་སྒོས་རྨང་གཞིའི་ཞིབ་འཇུག་ལ་རྒྱུན་ཆད་མེད་པར་ཐོད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་ནས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས། །